[A:༢༤༢]བསྔལ་གྱི་གདུང་བ་ཡོངས་སུ་སྐྱོབ་ནུས་པ་ལྟ་བུ་བྱུང༌། ལྷག་པར་སྐལ་ལྡན་གྱི་འགྲོ་བ་འགའ་ཞིག་ལ་རྨི་ལམ་གྱི་སྣང་བར་རྗེ་ཉིད་སེང་གེའི་སྟེང་ན་བཞུགས་པའི་གསུང་གི་སྣང་བས་ལུང་བསྟན་པ་སོགས་ངོ་མཚར་བ་མང་པོ་བྱུང་བར་སྣང༌། དེ་ནས་སྐུ་གདུང་རིན་པོ་ཆེ་ཞུགས་ལ་ཡོངས་སུ་ཞེན་པའི་གདུང་གི་ཁྲོད་དུ་དབུ་ཐོད་ཀྱི་དུམ་བུ་ནང་ལོགས་ལ་དཔལ་མགོན་ཆེན་པོ་བྲམ་གཟུགས་སྐུ་ཕྱེད་ཡན་ཙམ་ཤིན་ཏུ་གསལ་བ་དེ་མན་དབྱིབས་ཡོད་པ། རྒྱབ་ཏུ་ཧཱུྃ་ཡིག་ཁ་དོག་ནག་པོ་རི་མོའི་རྣམ་པ་ཅན་དང༌། ཕྱག་སོར་གྱི་ཚིགས་ལྟ་བུ་ཞིག་ལ་བཾ་ཡིག་ལི་ཁྲིའི་མདོག་ཅན་འབུར་དུ་དོད་པ། རིང་བསྲེལ་མང་དག་དང་བཅས་པ་བྱོན། གཞན་ཡང་རྣལ་འབྱོར་དབང་ཕྱུག་གི་སྐུ་དང་ཡི་གེ་སོགས་བྱོན་ཅེས་གླེང་བ་ནི་ཐོས། རྗེས་སུ་བྱིན་རླབས་རྟེན་གྱི་གདུང་ཚ་སོ་སོར་བཀྱེ་བའི་ཁྲོད་ནའང་རིང་བསྲེལ་འཁྲུངས་པའང་བྱུང་ཚོད་འདུག །འོད་གསལ་ནམ་མཁའི་དབྱིངས་ནས་སྐུ་བཞེངས་ཏེ། །ཆུ་འཛིན་དཀར་པོ་ལིང་ལིང་གཡོ་བའི་ཁྲོད། །འཇིགས་མེད་སེང་གེའི་ཁྲི་ལ་འགྱིང་བཞིན་དུ། །འཛུམ་དཀར་བདུད་རྩིའི་རྒྱུན་གྱིས་སྐལ་བཟང་བསྐྱངས། གཞལ་མེད་གདུང་ལས་བསྐྲུན་པའི་ངོ་མཚར་རྟེན། །གསུང་གི་གསང་བ་འཛིན་པའི་སྐྱེས་ཆེན་རྣམས། །ཕྱོགས་འདིར་བསོད་ནམས་གསོག་པའི་ཞིང་མཆོག་ཏུ། །བརྩེ་ཆེན་ཐུགས་རྗེས་དབྱིངས་ནས་སྩལ་བར་གྱུར། །ཇི་ལྟར་ན་རི་ཀེ་ལའི་གླིང་དུ་བ་ལང་ཞེས་བྱའི་ཚིག་ཙམ་ཡང༌། །མ་གྲགས་དེ་ཕྱིར་གཏམ་དེ་ཐོས་ན་དེར་གནས་སྐྱེ་བོའི་བློར་མི་ཤོང༌། །དེ་བཞིན་རང་ཉིད་བརྒྱུད་པར་བཅས་ལ་ངོ་མཚར་གཏམ་དང་བྲལ་གྱུར་དག །ངེད་ལ་མེད་ཕྱིར་