R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༢༤༡
[A:༢༤༡]འབེབས། །དེ་ལྟའི་ལྟས་མཐོང་འཛམ་གླིང་གསེར་ལྡན་མ། །ལན་བརྒྱར་གཡོ་ཞིང་ཅ་ཅོ་སྒྲོག་པ་ཡིས། །བདག་ཅག་རྣམས་ལ་རིང་ནས་འབོད་བྱེད་ཅིང༌། །ཕྱོགས་ཀྱི་བུ་མོའང་འགྲན་ཟླར་འོངས་པ་སྙམ། །དེ་ལྟ་མོད་ཀྱི་གཟུགས་སྐུའི་སྣང་བརྙན་ནི། །གང་ནས་བྱོན་པའི་ཆོས་སྐུའི་ཞིང་ཁམས་སུ། །བདེ་ཆེན་བདུད་རྩིས་མྱོས་པས་རབ་གཟིམས་ནས། །སླར་ཡང་ཆུ་འཛིན་མཁའ་དབྱིངས་འཐོན་པའམ། །བཻ་ཌཱུར་ས་གཞིར་ལྷ་དབང་སྣང་བརྙན་ལྟར། །སྒྱུ་འཕྲུལ་དྲ་བའི་ཟློས་གར་བྱེ་བ་བརྒྱས། །མཁའ་མཉམ་འགྲོ་འདི་རྟག་པར་སྐྱོང་བ་ལ། །བློ་ཆུང་ཉམ་ཐག་སྡུག་བསྔལ་ཅི་ཞིག་བྱ། །སྲིད་ཞིའི་ཆོས་ཀུན་སེམས་ཉིད་སྣང་བ་ཙམ། །ཆོས་དབྱིངས་ངང་ན་རོ་མཉམ་འགྱུར་མེད་བདེ། །རང་སེམས་བླ་མ་བདེ་ཆེན་ཕྱག་རྒྱ་ཆེ། །བློ་འདས་བརྗོད་བྲལ་རང་ཞལ་རྒྱུན་པར་མཇལ། །དེ་ལ་དབང་བཞིའི་ཆུ་བོ་ཁོར་ཡུག་ནོད། །དེ་ལྟའི་རྗེ་བཙུན་གསུང་གི་བདུད་རྩིའི་རོས། །སྙིང་གི་བུམ་བཟང་གང་བ་དེ་དྲན་ནས། །བདག་ཅག་སྲོག་གི་འཚོ་བ་ཐོབ་པར་གྱུར། །དེ་ནས་གཞལ་དུ་མེད་པའི་སྐུ་གདུང་རིན་པོ་ཆེ་ཉིད། སྨན་དང་དྲི་བཟང་དང་གོས་དར་རས་ཡུག་ལ་སོགས་པས་གྲིལ་ནས་ཟ་མ་ཏོག་གི་ནང་དུ་སྤྱན་དྲངས། དབུ་རྒྱན་རྒྱན་དྲུག་དར་ཟབ་ལ་སོགས་པས་ཀླུབས་ནས་གདུང་སྒྲོམ་གྱི་ཁྲིར་མཆོད་པའི་སྤྲིན་སྤུངས་ཀྱི་དབུས་སུ་བཞུགས་སུ་གསོལ་ནས། རྒྱུད་སྡེ་རིན་པོ་ཆེ་ནས་བཤད་པའི་བླ་མའི་རྣལ་འབྱོར་དང་རྗེས་སུ་འབྲེལ་པའི་ཆོ་གས་ཡུན་རིང་དུ་གསོལ་བ་བཏབ་པའི་ཚེའང་ཐམས་ཅད་སེམས་བྱིང་རྒོད་དང་བྲལ་ཞིང་ཁམས་དྭངས་ལ་དགེ་སྦྱོར་གྱི་འཆར་སྒོ་སྟོབས་ཆེ་བས་སྡུག་