[A:༢༤༧]ཆ་ལུང་རྡོ་རྗེའི་བྲག་རྫོང་གི །བྱ་འདབས་ཆོས་རྗེ་ས་སྐྱ་པཎྜི་ཏ་ཆེན་པོའི་ཡུམ་མ་གཅིག་ཉི་ཁྲི་ལྕམ་གྱི་བསྟི་གནས་མང་མཁར་ཐུབ་བསྟན་དགེ་འཕེལ་གྱི་ཆོས་གྲར་རྗེ་བཙུན་བླ་མ་ཆོས་དབྱིངས་སུ་བྱོན་ནས་ལོ་བཅུ་ཕྲག་གཅིག་དང་ལྔ་ལོན་པ་རྣམ་འཕྱང་ཞེས་བྱ་བ་ས་ཕོ་ཁྱིའི་ལོ་ཧོར་ཟླ་བརྒྱད་པ་ཉིན་བྱེད་གཞོན་ནུ་སྨིན་ལེགས་མཛེས་མར་རྩེ་དགས་རོལ་བའི་ཚེས་བཅོ་ལྔ་རྗེ་བླ་མའི་དུས་ཀྱི་མཆོད་པའི་ཉིན་ལེགས་པར་གྲུབ་པ་འདིས་ཀྱང་དཔལ་ལྡན་བླ་མ་དམ་པའི་ཕྲིན་ལས་ཀྱི་རྒྱུན་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །ཉེར་བཞིའི་ཡུལ་གྱི་མཁའ་འགྲོ་བྱེ་བ་དང༌། །དམ་ཅན་རྒྱ་མཚོ་བསྟན་ལ་དགའ་བའི་ལྷ། །རབ་ཏུ་དགྱེས་པའི་མཆོད་སྤྲིན་འདི་འབུལ་གྱིས། །སླར་ཡང་བསྟན་པ་འཛིན་སྐྱོང་སྤེལ་བར་མཛོད། །ཉི་གཞོན་འོད་ཀྱིས་པད་ཚལ་འབྱེད། །ཀུ་མུད་མེ་ཏོག་ཟུམ་པར་བྱེད། །འོ་མ་སྐྱེས་བུའི་འཚོ་བ་སྟེ། །བྲང་འགྲོའི་སྲོག་འཕྲོག་ཧ་ལའི་བཅུད། །དེ་བཞིན་དམ་པའི་ངོ་མཚར་གཏམ། །སྐལ་བཟང་རྣ་བའི་ཨུཏྤལ་རྒྱན། །སྐལ་དམན་ལོག་རྟོག་ཅན་དག་གི །སྙིང་ལ་ཟུག་རྔུའི་བཅུད་ལེན་འགྱུར། །དེ་བས་གསང་ཆེན་གཏམ་འདི་ཡང༌། །དད་དང་དམ་ཚིག་ལྡན་པ་དང༌། །སྤྱོད་ལྡན་སྐལ་བཟང་གཟུར་གནས་ལ། །སྟོན་གྱིས་སྐལ་ངན་དག་ལ་མིན། །ཅེས་བཀའ་རྒྱས་ཀྱང་བཏབ་བོ་གུ་ཧྱ་ས་མཱ་ཡ། མངྒ་ལཾ།། །།