[A:༢༤༣]གཞན་ལའང་འདི་འདྲ་མི་སྲིད་སྙམ་མོད་ག་ལ་མཚུངས། །མ་འཇིགས་བློ་ཆུང་དེ་དག་ཚུར་ཉོན་དང༌། །སྐྱེ་བོ་དམན་དང་དམ་པའི་ཁྱད་པར་ནི། །རྒྱ་མཚོ་བ་ལང་རྨིག་རྗེས་ཆུ་ཐིག་མཚུངས། །དེ་བས་ལན་བརྒྱར་ཐལ་མོ་སྦྱོར་ཞིག་གུ། །དེ་ལྟར་གོང་དུ་བརྗོད་པས་མཚོན་ནས་རྗེ་བཙུན་དམ་པ་འདི་ནི་མཐོང་བ། ཐོས་པ། དྲན་པ། རེག་པ་ཐམས་ཅད་ཀྱང་སྐལ་པ་བཟང་པོར་ངེས་ཤིང༌། གསུང་གི་གསང་བ་འཛིན་པས་ཀྱང་ཛ་ལནྡྷ་ར་ནས། རྒྱ་ནག་མཆོད་རྟེན་དཀར་པོ་ཡན་ཆད་ཀྱི་ཡུལ་གྲུ་ཕལ་ཆེར་ན་ཁྱབ་པར་ཡོད་ཅིང༌། སྒྲུབ་སྡེའི་ཆོས་བཞིས་ཀྱི་རྒྱུན་ཀྱང༌། སྤྱིར་དུས་ངན་པས་ཧ་ཅང་སྦགས་པའི་དབང་གིས་ཀློག་པ་དང༌། སྤོང་བའི་གྲ་ཆེ་ཆུང་མཐའ་དག་གི་དགེ་རྒྱུན་ལྟར་ཆགས་གོ་ནད་ཆེ་བར་འདུག་ནའང༌། འདི་པའི་ཆོས་བཞིས་ཀྱི་ཐད་དུ་མ་རུངས་པ་དག་གིས་མིག་ལ་བཏགས་པའི་འགྲོ་འཚམ་ཇི་སྙེད་བྱས་འདུག་པ་ལ། རྗེ་ཉིད་ཀྱི་ཐུགས་རྗེ་དབྱིངས་ནས་གཟིགས་པའི་བྱིན་རླབས་ཀྱིས། དཔལ་གུར་གྱི་མགོན་པོའི་འཕྲིན་ལས་ཀྱི་གཟེགས་མ་གང་གི་སྙིང་ལ་ཞུགས་པའི་བསྟན་པའི་སྦྱིན་བདག་རྒྱ་བར་པ་ནང་པ་དགེ་བསྙེན་པས་བསྟན་པ་བསྲུང་བའི་ཁུར་བླངས་ཏེ། འཇིགས་སུ་རུང་བའི་གཏམ་གྱི་སྒྲ་བསྒྲགས་པ་ན་ཐམས་ཅད་ཀྱི་སྙིང་ལྐོག་མར་བྲོས་ཏེ། མིག་ཙམ་ཡང་ལྟ་བའི་སྐབས་མེད་པར་གྱུར་ཏེ། ད་ལྟའི་བར་དུ་བོགས་ཡོང་སྒོ་མཐའ་དག་ཚང་མར་བླ་བྲང་དུ་བཞེས་ནས་འདོད་དགུར་ལོངས་སྤྱོད་ཆོག་པའང་ཀུན་གྱི་མཐུན་སྣང་དུ་གྲུབ་པ་འདི་ལགས་སོ། །དེ་དག་ལ་འདི་སྐད་ཅེས་བྱ་སྟེ། གཟུགས་སྐུའི་རོལ་རྩེད་ཆོས་