R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༢༤༠
[A:༢༤༠]ངོ་མཚར་བའི་ལྟས་སྣ་ཚོགས་སྟོན་པར་བྱེད། བདག་ཅག་རྣམས་ནི་རྒྱ་མཚོའི་ཀློང་དུ་དེད་དཔོན་དང་བྲལ་བའི་ཚོང་ཕྲུག་གི་ཚོགས་འཁྱམས་པ་ཇི་ལྟ་བར་ཅི་བྱ་བརྟོལ་མེད་པར་གྱུར། ཀྱེ་ཧུད་འཇིགས་རུང་འཁོར་མཚོའི་རྦ་ཀློང་དུ། །དམ་པའི་དེད་དཔོན་ལན་ཅིག་རྙེད་པ་དེ། །རྨི་ལམ་སྒྱུ་འཕྲུལ་ཇི་བཞིན་དེ་རིང་ཡལ། །ད་ནི་མགོན་མེད་བདག་རྣམས་ཅི་ཞིག་བྱ། །ལས་ཀྱི་རྟ་ལྗང་ཤིང་རྟའི་རྩེར་ཕྱོགས་པའི། །སེམས་ཀྱི་སྡུག་བསྔལ་ཉི་མའི་ཐིག་འཕྲེང་གིས། །སྙིང་གི་ཀུ་མུད་ཟུམ་པའི་ངལ་བ་ལས། །འགྲམ་པའི་ཀུན་ད་ལག་པའི་ཆུ་མཚོར་བརྟེན། །ཁྱོད་སྐུ་དྲན་པའི་འབིགས་བྱེད་དྲི་བཞོན་གྱིས། །ཙུ་ཏའི་ཟེའུ་འབྲུའི་རྡུལ་གྱིས་དཀྲུགས་པའི་མིག །འཆི་མའི་ག་བུར་གཟེགས་མས་ལུས་བྲན་པ། །འཁྲི་ཤིང་བཞིན་དུ་འདར་ཞིང་འཛིན་མར་ལྷུང༌། །སྒྱུ་མའི་ལུས་འདི་ཆུ་གཏེར་ཕུང་པོར་སྣང༌། །མིན་ན་མཆི་མའི་ཆུ་ཀླུང་གང་ལས་བབས། །བདག་གི་སྙིང་འདི་ལྕགས་ཀྱི་གོང་བུར་ཤེས། །མིན་ན་དུམ་བུར་མི་འགས་རྒྱུ་མཚན་ཅི། །དེ་རིང་བདུད་རྩིའི་འོད་ཅན་དང༌། །མ་ལ་ཡ་ཡི་རླུང་འཇམ་དང༌། །ཙནྡན་ཐིགས་པའི་ཆུ་གཟེགས་ཀྱང༌། །བདག་གི་སྙིང་ལ་གདུང་བྱེད་གྱུར། །དཔལ་ལྡན་ས་ཡི་ཐིག་ལེ་ཁྱོད། །འོག་མིན་གཙང་མའི་གདན་ཁྲི་ལ། །ཆོས་ཀྱི་རྒྱལ་པོར་མངའ་གསོལ་སླད། །ས་སྟེང་འགྲོ་འདིའི་སླུུ་བྲིད་དུ། །བརྒྱ་བྱིན་སྒྱུ་མའི་མཁན་པོ་དེས། །ཨནྡ་རྙིལ་གྱི་མེ་ལོང་ངོས། །གཞུ་རིས་གསར་པའི་ཚོན་བརྒྱ་ཡིས། །ངོ་མཚར་བཀོད་པ་ཅི་ཡང་བྲིས། །དེ་ཚེ་འཆི་མེད་གཞོན་ནུ་རྣམས། །དགའ་བ་བཞིན་དང་སྐྱེངས་པ་བཞིན། །ཡིད་འཕྲོག་སིལ་སྙན་འཁྲོལ་བྱེད་ཅིང༌། །པུཎྜ་རི་ཀའི་ཆར་པ་