R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༢༣༩
[A:༢༣༩]ཟླ་བཅུ་པ་སྨིན་དྲུག་གིས་ཉ་བའི་ཚེས་བཅོ་ལྔའི་སྔ་དྲོ་དགྱེས་ཤིང་སྤྲོ་བའི་མདངས་དང་བཅས་ནས་བིརྺ་པའི་སྐུའི་རྣམ་འགྱུར་དང་གསུང་མགུར་གྱི་རྣམ་པ་འགའ་མཛད། ཉི་མ་སྔ་ཕྱེད་ཙམ་ན་སྐུ་དྲང་པོར་བསྲངས་ཏེ་ཞལ་ཤར་དུ་གཟིགས་ནས་རྒྱུད་སྡེ་རིན་པོ་ཆེ་ནས་བཤད་པའི་འདའ་ཁ་མའི་ཐུགས་དམ་ཟབ་མོས་མཚམས་སྦྱར་ཏེ། མཁའ་ཁྱབ་ཀྱི་ཏྀང་ངེ་འཛིན་འགོག་པའི་བདེན་པ་རྣམ་པར་གྲོལ་བའི་ཡེ་ཤེས་ཀྱི་སྐུ་མངོན་དུ་མཛད་དེ། དཔའ་བོ་དང་རྣལ་འབྱོར་མ་རི་རབ་ཀྱི་རྡུལ་དང་གྲངས་མཉམ་པ་ནམ་མཁའ་ཁྱབ་པ་རྣམས་ཀྱིས་ལྷ་རྫས་ཀྱི་མེ་ཏོག་ལ་སོགས་པའི་མཆོད་པ་གདུགས་དང་རྒྱལ་མཚན་ལ་སོགས་པ་གཡོ་བ་བཞིན་པས་སྤྱན་དྲངས། ལྷ་དང་རིག་པ་འཛིན་པ་དུ་མས་མདུན་ནས་བདར། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པས་སྔོན་ནས་བསུས། འཇིག་རྟེན་སྐྱོང་བ་རྣམས་ཀྱིས་ཞབས་ནས་བཏེག་སྟེ། འཇའ་དང་འོད་ཀྱི་ལམ་ནས་འོག་མིན་དག་པའི་ཞིང་དུ་གཤེགས་པར་གྱུར་ཏོ། །དེའི་ཚེ་ཁ་བ་ཤིན་ཏུ་ཆེ་བ་རི་ཀླུང་ཐམས་ཅད་ཆུ་ཤེལ་ལམ་ཀུ་མུ་དའི་གླིང་ལྟར་དཀར་བའི་ཁ་དོག་འབའ་ཞིག་ཏུ་གྱུར་པ་ཞིག་བབས་ཏེ་སངས་རྒྱས་ཀྱི་བསྟན་པ་དཀར་འཇམ་དུ་མཛད་པའི་ཕྱི་ནང་གི་རྟེན་འབྲེལ་ལས་བྱུང་བ་ཡིན་སྙམ། སང་དེ་ནས་བཟུང་སྟེ་ནམ་མཁའི་ངོས་ནི་བཻཌཱུརྻ་ལྟར་དྭངས་ཤིང་གསལ་བའི་དབྱིངས་ན། འཇའ་སྤྲིན་དཀར་ཤས་ཆེ་བ་ལ་སྣ་ཚོགས་པའི་འོད་ཆགས་པའི་ཡུག་རིང་དང༌། གདུགས་རྒྱལ་མཚན། འཕན། ལྡ་ལྡི་ལ་སོགས་པའི་རྣམ་པ་དང༌། གཞན་ཡང་ཕྱག་མཚན་དང༌། སྐྱེ་འགྲོའི་གཟུགས་བརྙན་གྱི་དབྱིབས་སོགས་དུ་མའི་བཀོད་པ་བཀྲམ་པའི་ཁྲོད་ནས་ལྷ་རྫས་ཀྱི་མེ་ཏོག་གི་ཆར་པའང་ཉི་ཟེར་གྱི་རྡུལ་ལྟར་ཟིམ་བུར་འབབ་པ་སོགས་