R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༢༣༤
[A:༢༣༤]མ་ཡིན་པའི་བསྟན་པ་ལ་མི་ཕྱེད་པའི་དད་པ་ཅན་བདག་ཆེན་རྡོ་རྗེ་འཆང་ཆེན་པོའི་སྣག་དབོན་རྩིས་གནས་གསར་བ་སྡེ་པ་ནམ་མཁའ་རྡོ་རྗེ་བ། ཁྲི་སྐོར་ཆེན་པོ་བཅུ་གསུམ་ལ་དམ་ཁ་གླིང་དྲུག་མས་ཁ་ལོས་སྒྱུར་བ་དབོན་ཆེན་དཔལ་འབུམ་བཟང་པོའི་རིགས་བརྒྱུད་སྐྱིད་ཤོད་ར་མ་སྒང་པ་དང༌། ས་སྐྱ་སྐྱེད་འཕྲེང་པ་སོགས་མི་ཆེན་གྱི་སྦྱིན་བདག་ཀྱང་བསམ་གྱིས་མི་ཁྱབ་པས་མཆོད་ཅིང་བཀུར་བའི་གནས་སུ་བཞུགས་པ་ཡིན་ནོ། །ཁྱོད་ཐུགས་སྙིང་རྗེའི་རང་མདངས་དམ་པའི་ཆོས། །གཞོམ་མེད་ནཱ་དའི་དབྱངས་ཀྱི་ཏམྦུ་ར། །རང་དང་སྐལ་བར་འཚམ་པའི་སྒྲ་བརྙན་ནི། །ལྷ་ཡི་རྔ་བཞིན་དུས་སུ་འདོམས་པར་འགྱུར། །དངོས་གྲུབ་ལག་རྩེར་སྦྱིན་པ་ཟབ་མོའི་ལམ། །ས་སྐྱའི་བླ་ཆེན་མཆོག་གི་སྙན་བརྒྱུད་རྣམས། །དུས་ཀྱི་དབང་གིས་ཐུན་མོང་གཏམ་དང་འདྲེས། ཆུ་མེད་ཁྲོན་པ་མར་མེའི་སྣང་བརྙན་ལྟར། །གྱུར་ཚེ་འཁོན་སྟོན་ཆོས་ཀྱི་སྤྲིན་སྔོན་ལས། །འོངས་པའི་གསང་ཆེན་བདུད་རྩིའི་ཆུ་ཆར་ནི། །ཁྱོད་ཐུགས་རྒྱ་མཚོར་བབས་པའི་དགའ་སྟོན་གྱིས། །བསྐྲུན་པའི་མཁས་དང་གྲུབ་པའི་ཆུ་ཀླུང་སྟོང༌། །ནོར་འཛིན་ཕ་མཐའ་འཚོལ་བའི་ངང་ཚུལ་ཅན། །ཁོར་ཡུག་རི་བོའི་བར་འདི་ཡོངས་གང་བས། །བཤད་སྒྲུབ་རླབས་ཕྲེང་དཀར་པོ་ཆལ་ཆིལ་གཡོ། །ཐུབ་བསྟན་པདྨོའི་རྩ་ལག་ཨེ་མ་མཚར། །དྲེགས་ལྡན་རལ་པའི་སྤོ་ལ་གར་བསྒྱུར་ཞིང༌། །ཆེ་དགུ་བྱེ་བའི་རི་དབང་གཙུག་ན་འཛེགས། །བློ་གསལ་ཡོངས་ཀྱི་པདྨའི་ཚལ་སྐྱོང་བའི༌། །སྔོན་མེད་བསྟན་པའི་ཉི་གཞོན་གསར་པ་ཞིག །གངས་ཅན་སྐྱེ་རྒུའི་བསོད་ནམས་མཐུ་ལས་གྲུབ། །དེ་དག་ལ་འདི་སྐད་ཅེས་བྱ་སྟེ། ལུང་རྟོགས་ཡོན་