R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༢༣༣
[A:༢༣༣]རབ་འབྱམས་པ་ཡོན་ཏན་རིན་ཆེན། དཔལ་མགོན་ཞལ་བཞི་པའི་བསྙེན་པ་འབུམ་ཕྲག་བརྒྱ་གདན་ཐོག་གཅིག་ཏུ་མཛད་ཅིང༌། མཁའ་འགྲོས་ཚོགས་འཁོར་གྱི་སྐལ་བ་སྐྱེལ་བར་གྲགས་པ་གྲུབ་མཆོག་བཀྲ་ཤིས་སེང་གེ །དཔལ་མགོན་ཆེན་པོའི་ཞལ་མངོན་སུམ་དུ་མཐོང་བ་ཆུ་བོ་གྱེན་ལ་ལྡོག་པ་ལ་སོགས་པའི་རྫུ་འཕྲུལ་ཡ་མ་ཟུང་སྣ་ཚོགས་སྟོན་པ་བླ་མ་ཡཀྵ་ཀྲོ་ཏེ། བློ་གསལ་འགའ་ལ་ཕན་འདོགས་པ་རབ་འབྱམས་པ་དཔལ་ལྡན་བློ་གྲོས། གཞན་ཡང་རྒྱ་ཆེན་རྒྱུད་སྡེའི་གནད་ཤེས་པ། བསྐྱེད་རིམ་གྱི་གསལ་སྣང་ཐོབ་པ། རིག་སྔགས་ཀྱི་བདེན་ཚིག་གྲུབ་པ། སྒྱུ་ལུས་རྨི་ལམ་གྱི་སྤྲུལ་བསྒྱུར་ལ་རང་དབང་ཐོབ་པ། འཕོ་བ་དང་བར་དོ་འབྱོངས་པས་མཁའ་སྤྱོད་ལ་ཡུད་ཀྱིས་ཆས་པ། བླ་མའི་མོས་གུས་ཁོ་ནས་སེམས་ཕྲོགས་ཏེ་ས་ལམ་ཅིག་ཆོད་དུ་སོང་བ་སོགས། མདོར་ན་ལུང་རྟོགས་ཀྱི་ཡོན་ཏན་གཞན་ཅི་ཡང་མ་མཆིས་ཀྱང་རྗེ་བླ་མའི་བཀའ་དྲིན་འཁོར་ཐབས་མེད་པ་རྗེས་སུ་དྲན་པས་གར་གནས་སུ་གསོལ་འདེབས་ཀྱི་ཅ་ཅོ་འུར་ཆིལ་ལ་བ་བདག་ལྟ་བུས་མཐའ་བརྟེན་པའི་བུ་སློབ་ནམ་མཁའི་སྐར་ཕྲན་ཙམ་གྱིས་བཤད་སྒྲུབ་ཀྱི་སྒོ་ནས་བསྟན་པ་རིན་པོ་ཆེ་ནམ་ལངས་ཤིང་ཉི་མ་ཤར་བ་ལྟར་ཕྱོགས་བཅུར་རྒྱས་པར་བྱེད་པ་ནི་བསམ་པའི་ར་བ་ལས་འདས་པ་ཡིན་ནོ། །དེ་བཞིན་དུ་བོད་རྒྱལ་པོའི་གདུང་བརྒྱུད་དྲི་མ་མེད་པ་ཁྲི་ནམ་མཁའ་བསོད་ནམས་བརྟན་པའི་རྒྱལ་མཚན་དཔལ་བཟང་པོ། རིགས་རུས་ཆོ་འབྲང་ལྡན་ཅིང་སྟོབས་ཀྱི་འཁོར་ལོས་སྒྱུར་བ། ཐུན་མོང་