R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༢༣༢
[A:༢༣༢]བྲན་དུ་འཁོལ་བའི་མཐུ་སྟོབས་ཀྱི་དབང་ཕྱུག་དཀར་པོ་ཀུན་དགའ་གྲགས་པ། གཙང་པ་རྒྱ་རས་ཀྱི་རིགས་སུ་འཁྲུངས་ཤིང་ཟབ་མོའི་ལམ་གྱི་བདུད་རྩིས་མྱོས་པས་རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ་ལྷུར་ལེན་པ་འབྲུག་པ་ཀུན་ལེགས་པར་གྲགས་པ། ཉམས་དང་རྟོགས་པའི་རྩེར་སོན་ནས་བྷུ་སུ་ཀུའི་ཚུལ་འཛིན་པའི་གྲུབ་ཐོབ་སྒོག་སྨྱོན་པ། སྐྱེ་བ་མང་པོ་དྲན་ཞིང་རྡོ་ལ་ཞབས་རྗེས་འཇོག་པ་ནག་པོ་སྤྱོད་པའི་རྣམ་འཕྲུལ་དུ་གྲགས་པ་གློ་བོ་ཆོས་མཛད་ཀུན་དགའ་གྲོལ་མཆོག་ལ་སོགས་པ་གྲུབ་པའི་དབང་པོར་གྲགས་པ་དུ་མ། ཁམས་ཕྱོགས་སུ་བཙན་ལྷ་རྒྱལ་པོའི་དབོན་པོ། ཉང་ཏིང་འཛིན་བཟང་པོའི་དབོན་བརྒྱུད་ཁ་ཡར། ཆོས་གླིང་དབོན་པོ་བསྟན་འཛིན་སྐུ་མཆེད་སོགས་ཤིན་ཏུ་མང་པོ། ཁའུ་བྲག་རྫོང་གི་རི་ཁྲོད་མཛེས་པར་བཞུགས་པ་རྣམས་ཀྱི་ཁྲོད་ནས་ཡོངས་སུ་གྲགས་པ་ནི། རྒྱུད་གསུམ་མན་ངག་དང་བཅས་པ་སྨྲ་བའི་དབང་པོ་རྗེ་ཤེས་རབ་རིན་ཆེན། མཁྱེན་རབ་ཆོས་རྗེའི་དབོན་པོ་ཞ་ལུའི་ཟུར་ཆེན་ཐོས་བསམ་གྱི་སྒྲོ་འདོགས་བཅད་ནས་བསྒོམས་པས་ཉམས་སུ་མྱོང་བ་ད་ལྟ་བྱ་བཏང་གི་རྣམ་ཐར་སྐྱོང་བ་བྲག་དཀར་ཆོས་རྗེ། མཐུ་སྟོབས་ནུས་པའི་བདག་ཉིད་གྲུབ་མཆོག་སྦྱིན་པ་རྒྱ་མཚོ། རྗེ་ཉིད་ཀྱི་དབོན་རྒྱུད་སྡེའི་འཆད་ཉན་མཛད་པ་བསྐྱེད་འཕྲེང་ཆོས་རྗེ་ཉིད་ཀྱི་རུས་དབོན་ད་ལྟ་སེང་གེའི་ཁྲི་ལ་རང་གྲུབ་ཏུ་བཞུགས་པ་སྒྲུབ་སྡེའི་གཙུག་རྒྱན་རིན་པོ་ཆེ་གདན་ས་བ། འཇིག་རྟེན་ཆོས་བརྒྱད་ཧྲུལ་པོར་ཞིག་ནས་གསུང་ངག་གིས་སྐལ་ལྡན་སྐྱོང་བ་མཁར་སྤེ་རབ་འབྱམས་པ་བློ་གྲོས་རབ་གསལ། རིག་པའི་དྲེགས་དང་ལྡན་ཞིང་ས་ར་ཧའི་དགོངས་དོན་སྨྲ་བ་