R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༢༣༠
[A:༢༣༠]ངག་ལ་དེ་ལྟ་བུ་མེད་དོ་ཞེས་པ་དང༌། མ་དག་པ་ཡིན་ཟེར་བ་སོགས་ཐན་སྐད་སྣ་ཚོགས་ཀྱིས་བསྟན་པ་རིན་པོ་ཆེ་དཀྲུག་ཅིང་ཉམ་ང་བར་གྱུར་པའི་དུས་སུ། རྗེ་བཙུན་དམ་པ་འདི་ཉིད་ཀྱིས་བདག་ཆེན་རྡོ་རྗེ་འཆང་ཆེན་པོའི་བརྒྱུད་པའི་སྲོལ་གཞུང་བཟུང་ནས་སེང་གེའི་ང་རོ་ལན་ཅིག་མ་ཡིན་པར་ཡང་ཡང་བསྒྲགས་ཏེ། ད་ལྟའི་བར་དུ་སྙན་བརྒྱུད་ཀྱི་གདམས་པ་ལོ་གྲངས་བསྐོར་བའི་འཆད་ཉན་སྒོམ་སྒྲུབ་ཀྱི་སྒོ་ནས་སྐལ་པ་རབ་ཀྱི་མཆོག་ཏུ་གྱུར་པ་རྣམས་སྨིན་ཅིང་གྲོལ་བར་བྱེད་པའི་རྒྱུན་མ་ནུབ་པར་ཡོད་པས། རྗེ་བཙུན་གོང་མ་རྣམས་དང༌། ངོར་ཆེན་རྡོ་རྗེ་འཆང་ཆེན་པོ་ཡབ་སྲས་ཆོས་ཀྱི་དབྱིངས་ནས་དགྱེས་པའི་འཛུམ་དཀར་ཅི་ཡང་བཞད་པར་མཛོད་ཅིག །དེ་ལྟ་བུའི་གསུང་གི་བདུད་རྩི་ལས་བསྐྲུན་པའི་བསྟན་པ་རིན་པོ་ཆེ་འཛིན་སྐྱོང་སྤེལ་བའི་ཞལ་སློབ་ཀྱང་བགྲང་བའི་ཡུལ་ལས་འདས་པ་ཙམ་ཡོད་མོད། ཆེ་ལོང་ཙམ་སྨོས་ན། དེང་སང་སའི་སྟེང་གི་སྐྱེ་རྒུ་ཐམས་ཅད་ཀྱི་གཙུག་གི་ནོར་བུས་ཞབས་ཀྱི་རྡུལ་འཕྲེང་མཆོད་པ། ས་སྐྱ་འཁོན་གྱི་གདུང་བརྒྱུད་དྲི་མ་མེད་པ་འཇམ་དབྱངས་ཆོས་ཀྱི་རྒྱལ་པོ་ངག་གི་དབང་ཕྱུག་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། མཁྱེན་པའི་བློ་གྲོས་ནམ་མཁའི་ཁྱོན་ལྟར་ཡངས་པས་གངས་རིའི་ཁྲོད་དུ་འགྱུར་རོ་ཅོག་གི་དམ་པའི་ཆོས་མཐའ་དག་འདོད་དགུར་སྩོལ་བའི་དཔལ་ཡོན་ཅན་གྲུབ་པའི་དབང་ཕྱུག་སྤྱན་སྔ་ཚུལ་ཁྲིམས་འབར་གྱི་རྣམ་འཕྲུལ་དུ་གྲགས་པ་གཉུག་ལ་པཎ་ཆེན་རིན་པོ་ཆེ་ངག་དབང་གྲགས་པ་དཔལ་བཟང་པོ། ཡ་མ་བདེ་ལྡན་གྱི་རི་ཁྲོད་ཀྱི་རྒྱུད་སྡེ་འཛིན་པ་རྣམས་ཀྱི་གཙུག་གི་ནོར་བུ་བདེ་ཀྱེ་ཟབ་མོའི་ཆོས་ཀྱི་རྒྱ་མཚོ་ཆོས་རྗེ་རིན་པོ་ཆེ་ནམ་མཁའ་