R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༢༢༩
[A:༢༢༩]བྲལ་བའི་ངེས་ཤེས་སྐྱེ་བ་མ་གཏོགས། ཇི་ལྟར་ཡིན་ནམ་སྙམ་པའི་བློ་སྦྲམ་ཐེང་ངེ་སྡོད་པ་ནི་མི་སྲིད་པ་ཉམས་སུ་མྱོང་བས་གཞན་དུ་ལོ་ཟླར་བསྒོམས་པ་བས་དམ་པ་འདིའི་གསུང་ཐོས་པ་ཙམ་ཡང་དོན་ཆེ་བར་མཐོང་བས། སྐལ་བ་དང་ལྡན་པའི་ཞལ་སློབ་རྣམས་ལེགས་པར་བསམས་ཤིང་ཐུགས་དགྱེས་པར་མཛད་དོ། །འོན་ཀྱང་འཁོར་བ་ཐོག་མ་མེད་པ་ནས་ལོག་རྟོག་འབའ་ཞིག་ལ་རྒྱུད་སྦྱངས་པའི་སྐལ་ངན་དག་ལ་ནི་ཇི་ལྟར་ཡོད་ཅི་ཆ། སྨྲས་པ། དཀར་གསལ་ཡིད་དུ་འོང་བའི་རི་བོང་ཅན། །རབ་དངས་པདྨའི་མཚོ་ལ་གསལ་བར་འཆར། །རྙོག་ལྡན་བ་ཚྭའི་རྫིང་བུར་དེ་ལྟ་མིན། །ཀྱེ་མ་དངོས་པོའི་རྟེན་འབྲེལ་ཆེས་ངོ་མཚར། །བྱེ་བྲག་ཏུའང་དཔལ་ལྡན་ས་སྐྱ་པའི་ཟབ་དོན་གྱི་ཉིང་ཁུ་གསུང་ངག་རིན་པོ་ཆེ་ལམ་འབྲས་བུ་དང་བཅས་པའི་གདམས་པ། དམར་པོ་སྐོར་གསུམ། དམར་མོ་སྐོར་གསུམ། མགོན་པོ་གུར་ཞལ་སོགས་ཀྱི་གདམས་པ་ཟབ་མོ་རྣམས། བླ་མ་གོང་མ་རྣམས་ཀྱིས་ཆོས་ལ་གཅེས་སྤྲས་དང་དམ་དོག་ཤིན་ཏུ་ཆེ་བའི་སྒོ་ནས། སློབ་མ་ཚོགས་པར་གྱུར་པ་ཕལ་ཆེར་ལ་དེ་དག་གི་ལམ་གྱིས་འགྲོས་སྦམ་མེ་བ་ཙམ་གནང༌། ཐུན་མོང་མ་ཡིན་པའི་སྙན་བརྒྱུད་ཀྱི་ཟབ་གནད་མེད་དུ་མི་རུང་བ་རྣམས་སློབ་མའི་གཙོ་བོ་རེ་རེ་ཙམ་ལ་ཆིག་བརྒྱུད་ལ་སོགས་པར་གནང་བ་ལས་དེང་སང་དུས་ཀྱི་དབང་གིས་དེ་དག་ཀྱང་ཇེ་ཉུང་ལ་སོང་ནས་ཆད་པ་ལ་ཉེ་བ་ན། ཇི་ལྟར་ཙུ་ཏའི་གླིང་གི་མི་དག་གིས་སྐྱེས་བུ་རྐང་གཉིས་པ་རྣམས་མི་མ་ཡིན་ཞེས་སྨོད་པ་དང་མཚུངས་པར་ཐུན་མོང་གི་སྒྲོས་འཛིན་པའི་བློ་ཆུང་རྣམས་ཀྱིས་ཐུན་མོང་མ་ཡིན་པའི་གདམས་