R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༢༢༨
[A:༢༢༨] དེ་ལ་རྒྱ་བོད་དུ་བཤད་སྲོལ་མི་འདྲ་བ་དང༌། དེ་དག་གི་བཞེད་སྲོལ་སོ་སོ་འདི་ལྟར་བཞེད། བླ་མ་བརྒྱུད་པ་རྣམས་ཀྱིས་ཉམས་བཞེས་མཛད་པས་ངོ་མཚར་གྱི་ལྟས་བྱུང་བའི་ལོ་རྒྱུས་འདི་ལྟར་ཡོད། སྤྱིར་འདི་ལ་ཡིག་སྣ་འདི་ཙམ་མཆིས། ད་ལྟ་ལག་ལེན་ངག་འདོན་ཡི་གེ་འདི་དང་འདིའི་ཐོག་ནས་བྱེད། བླ་མའི་ཞལ་ལས་བྱུང་བའི་ཁྱད་པར་གྱི་ཞལ་ཤེས་འདི་ལྟ་བུ་ཞིག་ཡོད་གསུང་བ་སོགས། དཔྱོད་ལྡན་རྣམས་ཀྱི་བློའི་ཡུལ་དུ་འདི་ཁོ་ནས་དོན་ཐམས་ཅད་འགྲུབ་པ་འདུག་སྙམ་པས་བླ་མ་དང་ལྷ་དང་གདམས་ངག་ལ་དུས་དེ་ཉིད་དུ་མི་ཕྱེད་པའི་དད་པ་ཐོབ་པ་ཞིག་འོང་ངོ༌། །དེ་བཞིན་དུ་དབང་བསྐུར་མཛད་པ་རྣམས་ཀྱང་དཀྱིལ་ཆོག་གི་ངག་འདོན་བཤར་སྦྱང་གི་ལུང་ཉན་ཙམ་མ་ཡིན་པར། གདན་གསུམ་ཚང་ཞིང་ཡོངས་དག་བཞིའི་སྒོ་ནས་དག་བྱ་དག་བྱེད་མཐའ་དག་ལེགས་པར་ཞིབ་ཏུ་ངོ་སྤྲད་ཅིང༌། ལྷག་པར་ཡེ་ཤེས་ཆེན་པོའི་ཏིང་ངེ་འཛིན་གྱི་རྒྱུད་བྱིན་གྱིས་བརླབས་པས་ལུས་ངག་ཡིད་གསུམ་ལ་ཉམས་ཀྱི་འགྱུར་བ་མནན་གྱིས་མི་ཐུབ་པ་དང༌། དབང་དེ་གྲོལ་བ་དང༌། ད་ལན་ངའི་རྒྱུད་ལ་སྔགས་ཀྱི་སྡོམ་པ་རྣམ་པར་དག་པ་ངེས་པར་སྐྱེས་བྱུང་སྙམ་པའི་ངེས་པའི་ཤེས་པ་གཏིང་ཚུགས་པ་བྱུང༌། འཁྲིད་སོགས་གནང་བའི་ཚེའང་གསུང་གི་གདངས་ཐོས་པ་ཙམ་གྱིས་ཐ་མལ་གྱི་རྟོག་པ་རགས་པ་རྣམས་ཉལ་གྱིས་འགྲོ། དམིགས་པའི་མཚམས་མཚམས་སུ་འདི་ལྟར་བྱེད་ཅེས་རྗེ་ཉིད་ཀྱང་ལྟ་སྟངས་དང་བཅས་པའི་སྒོ་ནས་ཅུང་ཟད་རེ་མཉམ་པར་གཞོག་པར་མཛད་པ་ན། དུས་དེ་ཉིད་དུ་ཇི་སྐད་གསུང་པ་བཞིན་རྒྱུད་ལ་སྐྱེས་བྱུང་སྙམ་པ་དང༌། དེ་ག་ལས་མ་འདས་པ་ཐག་ཆོད་འདུག་སྙམ་པ་ཐེ་ཚོམ་དང་