R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༢༢༩
[A:༢༢༩]འདི་ཉིད་ཀྱི་དྲིན། །རྗེ་བཙུན་མཁས་པ་མཁས་བཙུན་རྗེ། །གྲུབ་པར་གྲགས་ཁྱོད་གྲགས་པར་གྲུབ། །མགོན་མེད་སྐྱབས་མཆོག་སྐྱབས་མེད་མགོན། །དྲན་མཆོག་བླ་མ་བླ་མཆོག་དྲན། །དེ་ལྟར་སྦྱིན་དང་སྙན་པར་སྨྲ་བ་ལ་སོགས་པས་མཚམས་སྦྱར་ནས་མཐར་ཟབ་པ་དང༌། རྒྱ་ཆེ་བའི་དམ་པའི་ཆོས་ཀྱིས་འགྲོ་བ་རྣམས་སྨིན་ཅིང་གྲོལ་བར་མཛད་པ་ཡིན་ཏེ། གོང་དུ་ཅུང་ཟད་སྨོས་པ་ལྟར་འཕགས་ཡུལ་ནས་ལམ་ཡོངས་སུ་རྫོགས་པའི་སྲོལ་ཆེན་པོ་བདུན་ཙམ་ལས་འོངས་པའི་ཡོངས་འཛིན་དམ་པ་རྣམས་ཀྱི་ཞལ་གྱི་བདུད་རྩིའི་རྒྱུན་དྲི་མ་མེད་པ། རྗེ་ཉིད་ཐུགས་མཚོར་འཁྱིལ་བ་ལས་བྱུང་བའི། དབང་ལུང༌། འཁྲིད། བཤད་པ། མན་ངག །ལག་ལེན། ཞལ་གདམས། ཡིག་སྣ། ཟབ་གནད། བཀའ་རྒྱ་ཅན་གྱི་རིགས་ལ་སོགས་པའི་ཟབ་ཅིང་རྒྱ་ཆེ་བའི་ཆུ་ཀླུང་བྱེ་བ་ཕྲག་མང་པོ་ཉིན་རེ་བཞིན་འབད་མེད་དུ་བབས་པས། གདུལ་བྱ་སོ་སོ་རང་རང་གི་ཁམས་དང་བསམ་པ་བག་ལ་ཉལ་གྱི་རིམ་པ་དང་མཐུན་པར་དཀྲི་བར་མཛད་པ་ཡིན་ནོ། །དེ་དག་ལའང་སླ་ཆོས་དང༌། རིགས་འགྲེ་རུང་མཐུན་སྦྱོར་བ། རང་བཟོ་ལ་སོགས་པའི་དྲི་མ་མཐའ་དག་དང་བྲལ་བ། དེ་རང་གི་སྐབས་སུ་བབ་པའི་སྤྱི་དང་ཁྱད་པར་གྱི་འཆད་པར་འོས་པ་རྣམས། ཅུང་ཟད་ཀྱང་མ་ལུས་པ། མ་ལྷག་པ། མ་ནོར་བ། མ་འཆོལ་བ། མ་གབ་པར་གསུང༌། གསལ་ཞིང་གོ་བདེ་ལ་དལ་བྲེལ་སྙོམས་པ། འབྲེལ་ཆགས་ཤིང་གདངས་སྙན་པའི་སྒོ་ནས་ལྷུག་པར་འདོམས་པར་མཛད་པ་ཡིན་ལ། མཐའ་ན་རྗེས་གནང་ངམ། བཟླས་ལུང་ཆུང་ངུ་ཞིག་གནང་ནའང༌། དེའི་རྩ་བའི་ཁུངས་ཀྱི་ཡི་གེ་འདི་ཡིན།