R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༢༢༣
[A:༢༢༣]འདུག་པ་སོགས་བཀའ་བཞིན་ལས་མི་འདའ་བར་སྣང་ཞིང༌། ཉང་སྟོད་ཀྱི་རྒྱ་འདྲེ་གནས་པའི་རྟོག་བཅས་ཡོད་པའི་ཁང་པ་ཞིག་ཏུ། བདག་ཆེན་རྡོ་རྗེ་འཆང་ཆེན་པོའི་བཀས་ཁྱེད་དེར་བཞུགས་ལ་ལྷ་འདྲེ་དེ་ཐོན་གསུང་བ་ལྟར་དེར་བཞུགས་པས་ཆོ་འཕྲུལ་དུ་མས་ཐོག་མར་མ་སྡོད་ཟེར། དེ་ནས་ཁང་པ་ལ་ཕྱེད་དགོས་ཀྱི་རི་མོ་འབྲི་བ་སོགས་བྱེད། མཐར་ཉམ་ཐག་པས་སྨྲེ་སྔགས་འདོན་ཞིང་བུད་སོང་བའི་སང་ཉིན་དེ། བདག་ཆེན་རྡོ་རྗེ་འཆང་ཆེན་པོས་ད་ལྷ་འདྲེ་དེ་མདང་དོན་སོང་བས་དེ་རིང་འདིར་བྱོན་གསུང་བའི་ཞལ་ཏ་ཕེབས་པ་དང༌། དབུས་ཀྱི་འཇངས་སུ་ཕེབས་པའི་དུས་ཤིག །ཁོང་ཚོ་ལ་གནོད་པའི་ལྷ་འདྲེ་འགའ་ཅིས་ཀྱང་གནོན་དགོས་པའི་གསོལ་བ་བཏབ་པའི་དེའི་གཟུགས་ཀྱི་ཁྲོད་ན་བཙུན་པའི་གཟུགས་བརྙན་ཞིག་འདུག་པ་ལ་འདི་གང་ཡིན་གསུངས་པས་རྒྱ་འདྲེ་ཡིན་ཟེར། གནོད་པ་གང་བྱས་གསུངས་པས་སྔར་མ་བྱས། ད་བྱས་ཀྱི་དོགས་པ་ཡིན་ཞུ་བ་ལ། འོ་ན་མི་འོང་གསུང༌། དེ་བཏོན་གཞན་རྣམས་མནན་པས། སང་ཉིན་དེ་གཟིགས་སྣང་ལ་ཤེལ་གྲོང་གི་ཕྱོགས་དེའི་རིའི་ཕག་ན་གཟུགས་ཕྱེད་ཙམ་ཐོན་པའི་པཎྜིའི་ཏའི་ཆ་ལུགས་ཅན་ཞིག་གིས་རྗེ་ཉིད་ལ་ཐལ་མོ་སྦྱར་ནས་འདུད་པའི་རྣམ་པ་དང་བཅས་པ་བྱས་ཐུགས་རྗེས་བཟུང༌། ཞབས་ཏོག་བསྒྲུབ་ལགས་ཟེར་ནས་ཡལ་གསུང༌། རྡོ་རིང་ན་བཞུགས་པའི་དུས་ཤིག་ལེགས་ཤེས་ཟེར་བའི་མི་གཅིག་ལ་གནས་རྙིང་རྒྱལ་པོ་ཞུགས། སུས་ཀྱང་མ་ཐུབ་པ་ལ་རྗེ་ཉིད་གདན་དྲངས་ཏེ། བསྐྱེད་རིམ་གྱི་ང་རྒྱལ་དང་ལྡན་པས་ཁོའི་སྟེང་དུ་བཞུགས་པས་སྐད་ཤོར་ཏེ་རང་དབང་མེད་པར་དོན།