R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༢༢༤
[A:༢༢༤] རྗེས་སུ་སྐབས་ཤིག་འབྲས་ཀྱི་རྣམ་པས་མནལ་ལམ་དུ་སྤྲེའུ་དང་བཙུན་པའི་དམག་མང་པོས་སྐོར་རྡེག་བྱེད་པ་སོགས་བྱུང་བས། གུར་མགོན་ཁྲོ་བོ་བཅུའི་ཐུགས་དམ་ཞག་འགའ་ཆེད་དུ་མཛད་པས་སོངས་གསུང༌། ཡང་བསམ་གྲུབ་རྩེར་བཞུགས་དུས་མི་དེ་ལ་སྔར་བཞིན་ཞུགས་བྱུང་བས་ཐུགས་ང་རྒྱལ་དང་བཅས་ཏེ་ཕེབས་པ་ན་ཁོ་འཇིགས་ཤིང་ཞུམ་པའི་རྣམ་པར་རྟབ་རྟབ་པོར་གྱུར་ནས་སྐྱེས་བུ་ཆེན་པོ་དེ་ལྟར་མི་མཛད་པ་ཞུ། ང་ལ་ཞལ་ཏ་ཅིག་ཞུ་རྒྱུ་ཡོད་པ་ཡིན་ཟེར། མི་གཞན་རྣམས་སངས་པ་ན། ཁོ་རང་རྨ་བྱ་བྱང་བརྩོན་གྱི་སློབ་མ་བཀའ་པོད་བཅུ་ཤེས་པ་ཞིག་བསམ་པ་ངན་པས་མཚམས་སྦྱར་ཏེ། སྐྱེ་བ་བླངས་པ་དང་ད་ལྟ་སེམས་ལ་རང་དབང་མེད་ཚུལ་སོགས་སྐྱེ་རྒྱུད་ཞིབ་པ་དང༌། ཁ་སིང་སྐབས་ཤིག་ཁྱེད་ཀྱི་ཐ་མ་མེས་འཁོར་ནས་ཡེ་འོང་མ་ཐུབ་པ་ཞིག་བྱུང་བ་དེ་གང་ཡིན་སོགས་རྒྱུ་མཚན་མང་པོ་ཕུལ། དེར་རྗེ་ཉིད་ཀྱི་དགོངས་པ་ལའང་འདི་འདྲ་བའི་ལུས་ངན་ལེན་པ་དགོངས་སྤྱན་ཆབ་ལྷུག་པར་ཤོར། ཁོས་ཞབས་ལ་འཇུས་ཏེ་ལས་རྒྱུ་འབྲས་དང་སྐྱབས་འགྲོ་སེམས་བསྐྱེད་ཀྱི་ཆོས་འབྲེལ་ཞུས། ཡང་དག་པའི་མཚམས་སྦྱོར་གྱི་སྨོན་ལམ་མང་པོ་བཏབ། ཕྱིས་སུའང་བསམ་གྲུབ་རྩེ་ཕྱོགས་སུ་ཕེབས་རེས་འོད་གསལ་གྱི་གཟིགས་སྣང་ལ་འདི་བསུ་བ་ལ་འོང་ཞིང་ཕྱག་དང་བཀུར་བསྟི་མང་པོ་བྱེད། དེར་གནོད་པའི་བསམ་སྦྱོར་མེད་ཀྱང་ལས་ངན་གྱི་གདོང་གྲིབ་ཀྱིས་ཆིབས་དྲེའུ་སོགས་ལ་ཅུང་ཟད་མི་བདེ་བ་རེ་འོང་གི་འདུག་པ་ལ། རྗེས་སུ་ཕྱོགས་དེར་ཕེབས་གདོང་དུ་ཆ་གསུམ་གཏོར་མ་རེ་གནང་བས་བདེ་ཞིང་འཕྲིན་ལས་བསྒྲུབ་པར་བྱུང་གསུང༌། ཚ་མོ་རོང་ན་བཞུགས་པའི་ཚེ་ཤབ་ཀྱི་འབའ་ར་ནག་པོ་ཡིན་