R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༢༢༢
[A:༢༢༢]བ་རྣམས་ལ་གདམས་པ་དམིགས་ཕུག་སྟེ་གནང༌། ཕལ་ཆེར་ནི་སྐུ་མདུན་དུ་སླེབ་པ་ཙམ་གྱིས་སྦྲུལ་གྱི་མདུད་པ་ལྟར་རང་གྲོལ་དུ་འགྱུར་བ་མང་བ་ཡིན་ནོ། །དེ་བཞིན་དུ་ལྐུགས་པ་མང་པོ་ཞལ་ཆབ་གནང་བ་ཙམ་གྱིས་ངག་གྲོལ་བ་བྱུང་བ་ལ་གསུང་ནས་ལྐུགས་པ་ཁ་བྱེ་ཡོང་བ་འདི་ཨཥྟའི་བསྙེན་པ་ཚར་གསུམ་བྱས་པ་འདིའི་བྱིན་རླབས་ཡིན་སྙམ་པ་ཡོད་གསུང༌། ལྷག་པའི་ལྷ་རྣམས་ཀྱི་བསྙེན་སྒྲུབ་མཐར་ཕྱིན་པའི་མཐུ་སྟོབས་དང༌། མཐའ་བྲལ་གྱི་ལྟ་བ་ལ་ཀློང་དུ་གྱུར་པའི་ཡེ་ཤེས་ཀྱི་གཟི་བརྗིད་དང༌། བྱང་ཆུབ་ཀྱི་སེམས་བཅོས་མ་མ་ཡིན་པ་ཐུགས་རྒྱུད་ལ་འཁྲུངས་པའི་བྱིན་རླབས་ཀྱི་ཟིལ་གྱིས་ལྷ་སྲིན་དྲེགས་བྱེད་རྣམས་ཀྱང་བཀའ་ལས་མི་འདའ་ཞིང་འཕྲིན་ལས་བསྒྲུབ་པ་ཡིན་ཏེ། རྟེན་སྐྱ་བོའི་དུས་བསམ་ཡས་པེ་ཀར་ལྕོག་ཏུ་ཕེབས་པའི་ཚེ། མགོན་པོ་རྣམས་ཀྱི་གཏོར་བསྔོས་ཀྱི་རྗེས་སུ་གཞི་བདག་གཏོར་མ་དང་ལྷན་ཅིག་དེ་ན་གནས་པའི་རྒྱལ་པོ་ཆེན་པོ་ལའང་གཏོར་མ་དང་བསྟན་པ་བསྲུང་བའི་བཀའ་བསྒོ་ཆོས་ཀྱི་སྦྱིན་པ་དང་བཅས་པ་གནང་བའི་ཚེ། སྐུ་མདུན་དེར་མདའ་དར་ཁྲོད་ནས་དར་ཆེན་ཁ་གང་པ་ཞིག་བསྐྱུར་བྱུང་བས། དཀོན་གཉེར་ན་རེ། འདི་ཤིན་ཏུ་མཉེས་པའི་དངོས་གྲུབ་ཀྱི་མཚན་མར་འོང་གི་ཡོད་པས་ཅིས་ཀྱང་བསྣམས་དགོས་ཟེར་བར། རྗེ་ཉིད་ཀྱིས་ང་ལ་ནི་འདི་ལ་འདོད་མེད་ཁྱེད་ནི་རྒྱ་ཁབ་མིག་བོལ་གྱི་རྗེས་ལ་བྱ་རྒོད་ཀྱི་ཉིན་ལམ་བཅོ་བརྒྱད་རྒྱུག་ཟེར་བར་གདའ། ཁྱེད་རང་གི་འདི་ནམ་དགོས་ལ་ལོང་ཞིག་གསུངས། དར་དེ་སྐུ་བསྲུངས་འབྱམ་ཐག་གི་སྣེ་མོར་གྲོལ་མདུད་ཞིག་མཛད་དེ། བསྣམས་བྱོན་པས། ཞག་འགའ་ནས་དར་དེ་བསྐྱུར་བ་ན་རྗེས་སུ་ཕེབས་དུས། དཀོར་མཛོད་གླིང་རང་ན་སླེབ་