R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༢༢༡
[A:༢༢༡]འདན་མའི་གྲྭ་པ་ཞིག་ཁམས་འདུས་ཀྱིས་སྨྱོ་སྟེ་རི་ཀླུང་ཀུན་ཏུ་རྒྱུག་ཅིང་ཐོ་ཅོའི་སྤྱོད་པས་མི་བསྲུན་པར་གྱུར་པ་ན། དེར་ཡོད་པའི་ཆེན་པོར་རློམ་པ་མང་པོས་བྱིན་རླབས་བགེགས་སྐྲོད། སྨན་པ་ལ་སྟོན་པ་སོགས་ཇི་སྙེད་བྱས་ཀྱང་ཡེ་མ་ཕན་པར། ཀུན་གྱིས་གདོན་ཆེན་པོ་ཞིག་གིས་བཏབ་པར་ཐག་བཅད་ནས་མུན་ཁུང་དུ་བཅིངས་ཏེ་བཞག་པས་ཤིན་ཏུ་བྱིང་བར་གྱུར་པའི་ཚེ། རྗེ་འདི་པ་ངོར་དུ་ཕེབས་པ་ལ་ཟླ་བོ་རྣམས་ཀྱིས་རྒྱུ་མཚན་ཕུལ་བས་ཁྲིད་ཤོག་གསུང༌། སྐུ་མདུན་དུ་སླེབ་པ་ན་ཡུན་རིང་པོ་ཞིག་དེ་ལ་ཐུགས་བསྟད་ནས་མཉམ་གཞག་གི་ངང་དུ་བཞག །མཐར་ངོ་ཐོང་གསུང་བ་ལྟར་བཏང་བས་སྔར་ལྟར་རེ་ཞིག་བརྒྱུགས་ཏེ་སླར་དྲུང་དུ་འཁོར་བྱུང་བ་ལ། གེགས་སེལ་གྱི་དམིགས་པ་གནང་བའི་དུས། དེ་ན་ཡོད་པའི་གཞན་དག་ན་རེ། རྡོ་རིང་ཀུན་སྤངས་པ་འདི་ཧམ་པ་རང་ཆེ་བ་མི་གདོན་གྱིས་བཏབ་པ་ལ་གེགས་སེལ་བྱེད་ཟེར་བ་སོགས་རང་ཉིད་དམའ་འབེབས་པའི་ཁ་འཆལ་མང་པོས་སྐུར་བ་འདེབས་པར་བྱེད་ཀྱང་དེ་དག་ལ་ཆེད་དུ་སྨོད་པ་བཞིན་ཁོ་འཕྲལ་དུ་གེགས་དེ་ལས་གྲོལ་ནས། དཔལ་ལྡན་ས་སྐྱར་བདག་ཆེན་རྡོ་རྗེ་འཆང་ཆེན་པོའི་ཞབས་དྲུང་དུ་འཆག་མེད་རྣམས་གསོ་བ་དང༌། སྔར་གྱི་གནས་ཚུལ་རྣམས་ཞུ་ཡིག་ཏུ་འཁོད་པ་མཛད་དེ་གནང་བ་ན། ཞུ་ལན་དུ་ཕ་ལ་བུ་སྐྱེས་ངས་ལམ་འབྲས་བཤད་པ་ལ་དོན་འབྲས་བྱུང་གསུང་བ་སོགས་དགྱེས་པའི་བྱ་དགའ་མདོང་གསོལ་དཔག་མེད་མཛད། དེས་མཚོན་ནས་རྩ་རླུང་གི་གེགས་ཀྱིས་ཁམས་འདུས་པའི་སྨྱོན་པ་རྒྱལ་ཁམས་ལ་རྒྱུག་པ་གཞན་སུས་ཀྱང་མ་ཕན་པ་དགུ་ཙམ། གཞན་ཁམས་འདུས་པ་ཕྲ་མོ་གྲངས་མེད་གེགས་ལས་གྲོལ་བར་མཛད། དེ་ཡང་གེགས་ཆེར་ཆེ་