R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༢༢༠
[A:༢༢༠]དང་མཚན་མའི་དགེ་མཚན་དཔལ་ཐོབ་ནས། །ལས་བཞིའི་འཕྲིན་ལས་ལྷུན་གྱིས་གྲུབ་པར་གྱུར། །འགའ་ཞིག་འགྲོ་བའི་སྡུག་བསྔལ་མ་བཟོད་ནས། །བ་སྤུ་ལངས་ཤིང་མཆི་མ་ཆར་ལྟར་འབབ། །སྐད་གསངས་མཐོན་པོས་རྗེ་བཙུན་བླ་མ་ལ། །སྙིང་ནས་འབོད་ཅིང་ལྷང་ལྷང་གསོལ་བ་འདེབས། །ལ་ལ་ལམ་ཟབ་བླ་མའི་རྣལ་འབྱོར་གྱིས། །ཉམས་ལེན་སྒེག་སོགས་ལྷ་མོ་ཇི་བཞིན་དུ། །ལྡེམ་ལྡེམ་གར་གྱིས་མཛེས་སྡུག་ངོམ་བྱེད་ཅིང༌། །མཆོད་སྤྲིན་རྒྱ་མཚོས་མགོན་ཁྱོད་འཁོར་བཅས་མཆོད། །ཀུན་ཀྱང་མཉམ་གཞག་ཐུན་བཞིའི་རྣལ་འབྱོར་གྱིས། །བདེ་ཆེན་ཡེ་ཤེས་དབང་གི་ཆུ་བོའི་རྒྱུན། །ཉམས་པ་མེད་པའི་བདུད་རྩིས་རྒྱུད་གཏམས་ཏེ། །རྡོ་རྗེ་འཛིན་པའི་དོན་དང་མཐུན་པར་གནས། །དེ་ལྟར་རྒྱུད་སྡེ་རིན་པོ་ཆེ་ནས་བཤད་པའི་ཉམས་མྱོང་ཚད་མ་མཐར་ཕྱིན་པ་ཐུགས་རྒྱུད་ལ་འཁྲུངས་ཤིང༌། ཁྱད་པར་རྣལ་འབྱོར་དབང་ཕྱུག་བིརྺ་པའི་སྙན་བརྒྱུད་ཀྱི་གདམས་པ་ཟབ་མོ་ལ་རང་དབང་ཐོབ་པས། ཕྱི་ནང་གསང་བའི་རྟེན་འབྲེལ་རྩ་རླུང་གི་གནས་འགྱུ་ལ་སོགས་པའི་ཚུལ་ཇི་ལྟ་བ་བཞིན་གཟིགས་པས་ཏིང་ངེ་འཛིན་ཡེ་མ་སྐྱེས་པ་དང༌། ཅུང་ཟད་སྐྱེས་ཀྱང་བོགས་མ་ཐོན་པ་སོགས་ལ་ལུས་ཀྱི་གནད་དམ། རླུང་གི་འཛིན་ཚུལ་སེམས་ཀྱི་དམིགས་པ་འདི་ལྟར་གྱིས་ཞེས་ཅུང་ཟད་ཀྱི་གནད་གསུངས་པས། དེ་འཕྲལ་དུ་ཏིང་ངེ་འཛིན་ཁྱད་པར་ཅན་སྐྱེ་བ་དང༌། ཁ་ཅིག་ལ་ནི་སྤྱན་གྱི་ལྟ་སྟངས་དང་བཅས་ཏེ་ཐུགས་བསྟད་པ་ཙམ་གྱིས་ཏིང་ངེ་འཛིན་སྐྱེས་པའང་བྱུང༌། ལྷག་པར་ཐོག་དེར་དུས་མཚུངས་པ་ལ། གསུང་ངག་རིན་པོ་ཆེའི་གེགས་སེལ་མཐའ་དག་ལ་ཀློང་དུ་གྱུར་པ་རྗེ་འདི་ཁོ་ནར་བས་ཏེ། ཅུང་ཟད་མཚོན་ན་ངོར་དུ་