R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༢༡༩
[A:༢༡༩]འཛིན་མའི་ཐ་གྲུ་འབེབས། །ཁྱོད་ཞབས་དྲེགས་ལྡན་གཙུག་ན་གུས་མཆོད་ཀྱང༌། །བརྩེ་ཆེན་ཐུགས་རྗེས་དམན་རྣམས་ལྷག་པར་སྐྱོང༌། །དེ་ལྟར་རྗེ་བཙུན་ཆོས་ཀྱི་རྒྱ་མཚོ་ལ། །རིང་ནས་འདུས་པའི་སྐལ་བཟང་དེ་དག་ནི། །ཀུན་ཀྱང་དགེ་བའི་བྱ་བས་དུས་འདའ་བའི། །རྨད་བྱུང་སྤྱོད་པའི་རྣམ་ཐར་འདི་ལྟར་སྣང༌། །ཕལ་ཆེར་དམ་པའི་དེད་དཔོན་བཀའ་དྲིན་གྱིས། །དལ་འབྱོར་གྲུ་གཟེངས་ཚོགས་གཉིས་རླུང་དར་གཡོ། །འཇིགས་རུང་འཁོར་བའི་མཚོ་ལས་བརྒལ་བྱས་ཏེ། །རྣམ་གྲོལ་ཡིད་བཞིན་གླིང་དུ་ཆས་པར་གྱུར། །ཡོངས་དག་ཟབ་གསལ་གཉིས་མེད་ཏིང་འཛིན་ལས། །བྱུང་བའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་ནི། །དབང་པོའི་གཞུ་ལྟར་ཤར་བའི་སྣང་བརྙན་གྱིས། །མ་དག་སྣང་བ་མིང་གི་ལྷག་མར་བྱས། །ཁ་ཅིག་བསེ་རུ་ལྟ་བུར་གནས་བཅས་ཏེ། །རང་སེམས་ནམ་མཁའི་ཕ་མཐའ་འཚོལ་བ་ན། །བཙལ་བའི་རྙེད་མིན་བལྟས་པས་མ་མཐོང་བར། །བརྗོད་བྲལ་ལྷན་སྐྱེས་ངང་དུ་ཟིམ་མེར་གནས། །འགའ་དག་ལྗོན་པའི་ཚལ་གྱི་སྤྲེའུ་ལྟར། །རྨི་ལམ་སྒྱུ་མའི་རོལ་རྩེད་སྣ་ཚོགས་ཀྱིས། །བདེན་འཛིན་འཁྲུལ་པའི་ནགས་ཀྱི་རང་མཚང་རིག །ཟུང་འཇུག་དཔག་བསམ་རྩེ་ལ་མཆོང་བ་སྙམ། །མཁས་པ་ངང་པའི་དེད་དཔོན་དེ་དག་ནི། །ལུང་རིགས་མགྲིན་པའི་རྫ་རྔ་ཆེར་སྒྲོག་ཅིང༌། །བླ་གོས་གཤོག་ཡངས་མཁའ་ལ་རབ་འཕྱར་ནས། །ཆོས་གྲྭའི་པད་མཚོ་ཅི་ཡང་མཛེས་པར་བྱས། །སྣོད་ལྡན་སྐལ་བཟང་གཙུག་ཕུད་ལྡན་པ་དག །ཁྱོད་ཞལ་ཆར་སྤྲིན་གཞོན་ནུར་མངོན་ཕྱོགས་ཏེ། །སྙན་བརྒྱུད་སྤྲིན་སྒྲ་གསང་ཆེན་ཆུ་ཆར་གྱིས། །ཚིམ་པའི་གར་སྒྱུར་ཏིང་འཛིན་སྒྲོ་གུར་འབུབས། །འགའ་དག་བློ་ལྡན་བྲམ་ཟེ་ཇི་བཞིན་དུ། །རིག་སྔགས་ཟབ་མོའི་བཟླས་བརྗོད་ལྷུར་བླངས་པས། །རྟགས་