R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༢༡༨
[A:༢༡༨]ཕྱག་གིས་བྱུགས། བྱིན་རླབས། དམིགས་པ། རླུང་སྦྱོར། འཁྲུལ་འཁོར་སོགས་གང་འོས་ལྷུག་པར་གནང༌། ཟས་གོས་སྨན་ནད་གཡོག་སོགས་མཐུན་རྐྱེན་གང་དགོས་སྦྱར་ནས་བརྩེ་བའི་གསུང་གིས་དབུགས་འབྱིན་པར་མཛད་དོ། །ཚོགས་ཀྱི་བདག་པོའི་དངོས་གྲུབ་རྦ་རླབས་ནི། །གྱེན་དུ་འཕྱུར་བའི་ཀུན་བཟང་མཆོད་སྤྲིན་གྱིས། །དཔལ་ལྡན་བླ་མ་རྒྱལ་བ་རྒྱ་མཚོའི་ཚོགས། །མི་འགྱུར་བདེ་ཆེན་དབྱིངས་སུ་མཉེས་པར་མཛད། །གསང་ཆེན་ཟབ་མོའི་འཁོར་ལོ་རྣམ་གསུམ་གྱིས། །ཉིན་མཚན་འདའ་བའི་གྲུབ་རིག་འཛིན་པ་བརྒྱ། །ཡང་དག་འདོད་དགུའི་དཔལ་ལ་སྤྱོད་བཞིན་དུ། །ཉམས་རྟོགས་རྡོ་རྗེའི་གླུ་དབྱངས་སྒྲོག་པར་གྱུར། །ཉམ་ཐག་ཚ་བས་གདུང་བའི་མགོན་མེད་རྣམས། །ཁྱོད་ཞལ་པདྨའི་དོ་རར་ལྟ་བྱེད་ཅིང༌། །རང་རང་མཁོ་དགུའི་ཕུན་ཚོགས་བྱེ་བ་བརྒྱས། །སེམས་ཀྱི་ངལ་གསོ་ཐོབ་འདི་ཨེ་མ་མཚར། །ཀྱེ་མ་སྔོན་དུས་རི་བོ་ནག་པོ་ནི། །བྱ་རོག་སྒྲ་གཅན་ཞེས་བྱའི་སྨན་ལྗོངས་སུ། །རླབས་ཆེན་བྱ་དཀའི་སྤྱོད་པས་རྣམ་རོལ་བ། །རྒྱལ་བའི་སྲས་པོ་སྙིང་སྟོབས་ཆེན་པོ་ཅན། །སྦྱིན་ལ་དགའ་ཞེས་གྲགས་པའི་གཞོན་ནུ་དེ། །ངུར་སྨྲིག་བླ་གོས་གསར་པ་གྱོན་བཞིན་དུ། །གངས་ཅན་ས་ཡི་ཐིག་ལེ་འདིར་འོངས་ནས། །སླར་ཡང་གཏོང་བའི་སྒོ་བརྒྱ་ཕྱེ་བ་སྙམ། །ཉི་ཟེར་གཞོན་ནུའི་ལི་ཁྲིའི་མེ་ཏོག་ཕྲེང༌། །སྔོ་བསངས་མཛེས་མའི་བཞིན་ལ་རབ་འཐོར་ཀྱང༌། །ས་འདིར་ཆུ་སྐྱེས་དགའ་བའི་ཟེའུ་འབྲུ་ལ། །ཡིད་འཕྲོག་སྦྲང་རྩིའི་བཅུད་ཀྱིས་གཏམས་པར་བྱེད། །ཆར་སྤྲིན་མཐོན་པོའི་མཁའ་ལ་སྒྲ་སྒྲོག་ཀྱང༌། །བདུད་རྩིའི་ཟིལ་ཆར་