R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༢༡༧
[A:༢༡༧] །གསོལ་བ་བཞེས་འཕྲོ་ཚུན་དྲུང་དུ་སུ་བྱུང་ལ་ཐ་རེ་ཐོ་རེ་གནང་བ་མ་གཏོགས་དེང་སང་གི་ཆོས་པ་བྱི་བའི་རྣམ་ཐར་སྐྱོང་བ་རྣམས་དང་ཚུལ་ཡེ་མི་མཚུངས་པས། ལྷུན་པོའི་ངོས་ཀྱི་ཁ་དོག་འདབ་ཆགས་ལ་ཤར་བ་ལྟར་བདག་ཅག་གྲྭ་པ་རྣམས་ཀྱང་དངོས་པོ་ཕྲ་མོ་ནས་སྡུག་གསོག་མི་བྱེད་པའི་རྒྱུ་མཚན་དེ་ལྟར་ལགས། འཕྲལ་གྱི་བསྟུན་ཕྱོགས་ཀྱང་དེང་སང་གི་ཕལ་ཆེར་དང་ཡེ་མི་འདྲ་སྟེ། འཇིག་རྟེན་གྱི་སྡེ་དཔོན། དཔོན་སྐྱ་སོགས་རིགས་དང་སྟོབས་དང་ནོར་གྱི་དྲེག་པ་དག་ལ་ངོ་འཛིན་མཐུན་འཇུག་ཞུམ་པའི་རྣམ་པ་ཡེ་མི་མཛད་པར། ཞལ་ཏའང་ཐུགས་ལ་གང་ཤར་ཐལ་མར་གསུང༌། མཚང་ནས་འབྲུ་ཞིང་བཀའ་བཀྱོན་ཧུར་བྱུང་བའི་རྣམ་པ་འབའ་ཞིག་མཛད་པས། ཆེན་པོར་རློམ་པ་ཀུན་རྗེ་ཉིད་བྱོན་བྱུང་བ་ན་མིག་རིག་རིག་ཏུ་འགྱུར་ཞིང༌། སྤོབས་པ་ཞུམ་ནས་དྲི་བའི་ལན་ཙམ་ཡང་འབྱིན་མི་ནུས། སྤྱིར་ཆོས་དོན་དུ་གཉེར་བ་ལྷག་པར་སྙོམས་ཆུང་གི་རིགས་རྣམས་དྲུང་དུ་བྱུང་བ་ན། རྗེ་ཉིད་ཀྱང་ཐུགས་ཆུང་ཞིང་མཛངས་པ་ལྟར་མཛད། འདས་མ་འོངས་ཀྱི་ཞལ་ཏ་གང་ཡིན་དྲི་རྩད་དཔྱིས་ཕྱིན་པ་གནང༌། གཟེངས་སྟོད་འདི་ཕྱིའི་བླང་དོར་གྱི་བསླབ་དོན་ཐུགས་བརྩེ་བ་ཆེན་པོས་སྙིང་ལ་འབབས་པས་མཚམས་སྦྱར་ཏེ་ཞལ་རས་ཀྱི་འཛུམ་དཀར་ལ་ལྟ་བས་ཆོག་མི་ཤེས་ཤིང༌། སྐུ་དྲུང་ནས་འབྲལ་མི་ཕོད་པ་ལྟ་བུ་འོང༌། ཁྱད་པར་དབུལ་པོ་དང༌། ནད་པ་དང༌། མགོན་མེད་པའི་རིགས་ལ་ཐུགས་ལྷག་པར་བརྩེ། དེ་དག་དྲུང་དུ་འབོད་པའམ། དེ་ཡེ་མི་ཐུབ་ན་ག་ན་ཡོད་པའི་སར་རྗེ་ཉིད་དཀའ་ཚེགས་ལ་མི་གཟིགས་པར་བྱོན་ནས། བྱད་ལ་སྤྱན་གྱིས་གཟིགས། མགོ་ལ་