R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༢༡༦
[A:༢༡༦]མཆོད་པའི་མང་ཇ་ཤིན་ཏུ་བཟང་བ། ཆོ་འཕྲུལ་ཆེན་པོའི་དུས་ཆེན་ལ། བདག་ཆེན་རྡོ་རྗེ་འཆང་ཆེན་པོའི་དགོངས་པ་རྫོགས་ཕྱིར། རྗེ་ཉིད་གཙོ་བོར་ཕེབས་ཏེ་དེར་བཞུགས་ཐམས་ཅད་ཀྱིས། བཅོམ་ལྡན་འདས་སྙིང་པོ་ཀྱེ་རྡོ་རྗེ་མན་ངག་ལུགས་ཀྱི་དཀྱིལ་འཁོར་སྒྲུབ་མཆོད་རྡུལ་ཚོན་ལ་བརྟེན་པ་ཟླ་བ་ཕྱེད་ཙམ་སོགས་མཛད། ཞབས་ཏོག་ཀྱང་མང་ཇ་ཉུང་ཇ་གྲངས་མང་བ་ཚོགས་ཀྱི་འཁོར་ལོ་ཕུན་སུམ་ཚོགས་ཤིང་གྱ་ནོམ་པ། གཞན་ཡང་དེར་བཞུགས་ཀྱི་གཙོ་བོར་གྱུར་པ་རྣམས་ལ་དུས་རྒྱུན་པའི་གསོལ་ཇ་སོགས་ཀྱི་བསྙེན་བཀུར། དེ་འོག་རྣམས་ལའང་ཚར་རྟིང་མའི་གསོལ་ཇ་རྟག་པར་གནང༌། བྱིངས་ལའང་འཕྲལ་འཕྲལ་བསྐོར་བའི་གསོལ་ཇ་ཐུན་མོང་དུའང་སྐབས་སྐབས་སུ་དུས་ངེས་མེད་ཀྱི་མང་ཇ་གདན་ནོན་འཕྲལ་འཕྲལ་དུ་འོང་བ་དང༌། དར་འགྱེད་རས་འགྱེད་སོགས་ཕྱག་ཏུ་གང་བྱུང་དེ་འཕྲལ་དུ་གནང༌། དབྱར་གཞུག་གི་ཚེ་སྤང་ཁ་སོགས་ས་ཕྱོགས་ཡིད་དུ་འོང་བར་དཔོན་སློབ་ཐམས་ཅད་ཕེབས་ནས་བཟའ་བ་དང་བཅའ་བ་དང་བཏུང་བའི་བྱེ་བྲག་བཟང་ཞིང་གྱ་ནོམ་པའི་དབྱར་མཐོང་གི་རྣམ་པ་ཕུན་སུམ་ཚོགས་པའང་གནང༌། ལྷག་པར་ཁམས་ཀྱི་འབུལ་སྡུད་འཁོར་ནས་ལོ་འགའི་བར་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་ཚོགས་པ་གང་འདུག་ལ་ལོ་རེའི་ནང་དུ་མང་ཇ་བཟང་པོ་བཅོ་བརྒྱད་རེ། བསྔོ་རྟེན་ཕུན་སུམ་ཚོགས་པ་དང་བཅས་པ། རྗེ་བཙུན་གོང་མ་རྣམས་དང༌། རྗེ་ཉིད་ཀྱི་རྩ་བའི་བླ་མ་དམ་པ་རྣམས་ཀྱི་ཐུགས་དགོངས་རྫོགས་ཕྱིར་བསྒྲུབས། དེར་རྗེས་ལོ་མང་དག་གི་བར་ཚེས་བཞི་མཆོད་པའི་མང་ཇ་མ་ཆད་པ། དུས་ཕྱིས་ཀྱང་སྐབས་སྐབས་སུ་དངོས་པོ་ལྷག་མ་གང་འདུག་འཕྲལ་དུ་སེར་གསོག་ཏུ་གནང༌། ཐ་ན་ན་བཟའ་འཐེབ་ཀྱང་མི་བཞེས།