R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༢༡༥
[A:༢༡༥]མཁས་བཙུན་སྨྱོན་པར་གྲགས་པས་ཞིག་གསོས་མཛད་པ། དུས་ཀྱི་དབང་གིས་ཅུང་ཟད་ཉེན་པ་ན། རྗེ་ཉིད་ཀྱིས་འདི་འཇིག་ངེས་ན་ང་ཡོད་པའི་བར་ལ་ཞིག་ན་ལེགས་པས་བཤིག་པར་ཞུ་སོགས་ཆོས་སྐྱོང་ཉིད་ལ་བཀའ་བསྒོས་ཏེ་སྤྱན་གཟིགས་སོགས་གཞན་དུ་སྤོས་པ་ན། རིང་པོར་མི་ཐོག་པར་འཕྲལ་དུ་རང་ཞིག་ཏུ་གྱུར། སླར་རྗེ་ཉིད་ཀྱིས་ཞལ་བཀོད་མཛད་དེ་སྔར་ལས་ཀྱང་ཆེས་ཆེར་ངོ་མཚར་བ། སྤེན་བད། གདུགས་ཕྲེང༌། རྒྱལ་མཚན། ཐུག་དར་ལྕོག་དང་བཅས་པ་སྐྱེ་བོ་ཀུན་གྱི་མིག་གི་བདུད་རྩིར་གྱུར་པ་ཞིག་མྱུར་བར་གེགས་མེད་དུ་གྲུབ་པར་མཛད། མདོར་ན་སྒྲུབ་སྤྱིལ་སོ་སོ། རྔཽད་ཁང་ཆུ་ཐགས་སོགས་དགེ་འདུན་རྣམས་ལ་ཉེ་བར་མཁོ་དགུ་ཅོག་ཐམས་ཅད་མ་ཚང་བ་མེད་པ་ཕུན་སུམ་ཚོགས་པར་བསྒྲུབས། དེར་བཞུགས་ཀྱི་སྒྲུབ་པ་བ། ཕྱི་མཚན་ཉིད་ཐེག་པའི་སྒྲོ་འདོགས་མཐའ་དག་ཆོད་དེ། ནང་རྡོ་རྗེ་ཐེག་པའི་ངེས་དོན་ཟབ་མོའི་བགོ་སྐལ་དོན་དུ་གཉེར་བ་ལ་བྱོན་པའི་བཤེས་གཉེན་དམ་པ་རྣམས་ཀྱིས་གཙོ་མཛད། མདོར་ན་ཚེ་འདིའི་བྱ་བ་ཐམས་ཅད་བཞི་མདོའི་རྩྭ་ལྟར་རྒྱབ་ཏུ་བོར་ནས་མྱ་ངན་ལས་འདས་པའི་གོ་འཕང་རྩེ་གཅིག་ཏུ་སེམས་ཤིང༌། རྗེ་ཉིད་ཀྱི་སྙན་གྲགས་ཀྱིས་རང་དབང་མེད་པར་སེམས་ཕྲོགས་ཏེ། རིང་ནས་འདུས་པ་དམ་ཚིག་དང་སྡོམ་པ་རྣམ་པར་དག་པས་རྒྱུད་བསྡམས་ནས་ཐུན་བཞིའི་རྣལ་འབྱོར་ལྷུར་ལེན་ཞིང༌། སྙན་བརྒྱུད་ཟབ་མོའི་དཔལ་ལ་འདོད་དགུར་སྤྱོད་པ་བརྒྱ་ཕྲག་ལས་མི་ཉུང་བར་བཞུགས་པ་རྣམས་ལ་རྒྱུན་གྱི་གསོལ་ཕོགས་ཕུན་སུམ་ཚོགས་པ་ལྷག་ཆལ་ཆིལ་འོང་བ། ཟླ་བ་ངོ་རེ་བཞིན་ཚེས་བཞིའི་