R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༢༡༤
[A:༢༡༤]མཛོད་ལ་དབང་སྒྱུར་བ་ལྟར་ཡོད་པ་རྣམས་ཀྱང༌། སྦྱིན་པའི་ཞིང་རྣམས་ལ་རྒྱ་མཚོ་ཆེན་པོ་རླབས་ཕྲེང་ལྟར་ཆལ་ཆིལ་དུ་སྤྱོད་པར་མཛད་པ་མ་གཏོགས་རང་ཉིད་ཀྱི་དོན་དུ་ཞེན་ཆགས་ཅུང་ཟད་ཙམ་ཡང་མི་མངའ་བ་ཡིན་ཏེ། དེ་ཡང་དཔེར་མཚོན་ན་རྟེན་སྐྱ་བོའི་དུས་ནས་ཇོ་བོ་ཤཱཀྱ་མུ་ནིའི་དྲུང་དུ་རབ་ཏུ་བྱུང་བ་རྣམ་དག་བརྒྱ་ཕྲག་གི་ཞབས་ཏོག་རྒྱུན་པར་སྦྱོར་བའི་སྨོན་ལམ་འདེབས་པར་མཛད་པ་ཇི་ལྟ་བ་བཞིན། རྗེ་རྡོ་རྗེ་འཆང་ཆེན་པོའི་ཐུགས་དགོངས་རྫོགས་ཕྱིར་ངོར་གྱི་ལྟག་ཏུ་རིམ་གཉིས་ཀྱི་རྣལ་འབྱོར་ལ་སྒྲུབ་པ་ལྷུར་མཛད་པའི་སྒྲུབ་སྡེའི་རྒྱུན། བླ་མ་སྤྱི་དང༌། ལྷག་པར་བདག་ཆེན་རྡོ་རྗེ་འཆང་ཆེན་པོའི་ཐུགས་དགོངས་རྫོགས་པའི་སླད་དུ། ཁའུའི་བྲག་རྫོང་གི་རི་ཁྲོད་ཉིད་དུ་གཙུག་ལག་ཁང་གསར་པ་རྨད་དུ་བྱུང་བ། ལོགས་བྲིས་ཀྱིས་ཁོར་ཡུག་ཏུ་བསྐོར་བ། གནམ་ས་བར་གསུམ་དུ་འོས་པའི་མཆོད་སྤྲིན་དང་བཅས་པའི་དབུས་སུ་གསུང་ངག་རིན་པོ་ཆེའི་བླ་མ་བརྒྱུད་པ་ཚང་མ། གཞན་བཀའ་དྲིན་ཆེ་བའི་བླ་མ་མང་དག་དང་བཅས་པ། སྨན་སྐུ་ཛམྦུ་གསེར་གྱི་སྐུ་དངོས་སྤྲས་པ་བཟོ་རིགས་ལེགས་པའི་ཕུལ་བྱུང༌། དཔྱོད་ལྡན་དག་གིས་བལྟས་ན་ལྟ་བས་ཆོག་མི་ཤེས་པ་བྱིན་རླབས་ཀྱི་གཟི་འོད་འབར་བ། འདུ་ཁང་གསར་བཞེངས་ནང་ལོགས་ཁོར་ཡུག་ཏུ་གོང་དུ་སྨོས་པའི་ལྷ་ཚོགས་རྡོ་སྐུ་ཚོན་སྣ་ཚོགས་ཀྱིས་སྤྲས་པ། བླ་མ་གོང་མ་རྣམས་ཀྱི་ཕྱི་རྟེན་བཞུགས་པ་དེ་དག་ལས་ཆེས་ཆེ་བའི་མཆོད་རྟེན་ཚད་དང་ལྡན་ཞིང་ཡིད་དུ་འོང་བར་རབ་ཏུ་གནས་པའི་ཚེ་གདུགས་ལན་གསུམ་འཁོར་བར་གྲགས་པ་རྣམས་བཞེངས། དཔལ་མགོན་ཆེན་པོའི་མགོན་ཁང་ཀྱང་བཞི་ཐོག་པ་