R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༢༡༣
[A:༢༡༣] ཇི་ལྟར་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་རང་གྲུབ་ཏུ་འབྱུང་བ་ལྟར་འབད་པ་མེད་པ་ཕྱག་ཏུ་བབས། དེ་མཐུན་སེང་གེ་རྩེ་ནས་ཀྱང་གཅེན་ལུང་ནས་ལོ་རེ་བཞིན་སྟོང་ར་མའི་འབུལ་བ། སྐབས་སྐབས་སུ་འབྲུ་བརྒྱ་འབུལ་ལ་སོགས་པ་ཕུན་སུམ་ཚོགས་པའི་ཞབས་ཏོག་བདག་རྐྱེན་མཛད། དེ་རྗེས་མངའ་རིས་པ་འབུལ་དཔོན་ཆོས་སྐྱོང་གྲགས་པས་རྗེ་ཉིད་ཀྱི་བཀའ་དྲིན་རྗེས་སུ་དྲན་པས་ཉེ་བར་མཁོ་དགུའི་ཞབས་ཏོག་ལ་དམིགས་ནས་ཁམས་ཕྱོགས་སུ་འབུལ་སྡུད་ལ་འགྲོ་བའི་རྒྱུ་མཚན་ནན་གྱིས་ཕུལ་བས་བཀའ་ཡིས་གནང་སྟེ། བྱོན་པས་རིན་པོ་ཆེའི་དངོས་པོ་སྟོབས་རབ་ཏུ་ཆེ་བ་བྱུང་བ་རྣམས་རྗེས་སུ་འབུལ་དཔོན་རྡོ་རྗེ་རྒྱལ་པོ་བས་དོ་དམ་བྱས་ནས། ཇ་ཟི་བོལ་སེར་ནག གོས་དར། མཛོ་དྲེལ་སོགས་དད་ཅན་རྣམས་ཀྱིས་ཕུལ་བའི་འབུལ་སྡུད། དུས་དེར་དངོས་གཙང་ཞིང་གནངས་ཆེ་བའི་ཐག་ཆོད་པ་ཀུན་གྱི་བློར་མི་ཤོང་བ་ཙམ་གེགས་མེད་དུ་སླེབ། སེང་གེ་རྩེ་བས་ཀྱང་སླར་སྟག་ཐོག་བཀྲ་ཤིས་འཛོམ། ལྷ་སྦུག །མང་མཁར་གནས་གསར་ལ་སོགས་པའི་ཆོས་གཞིས་བོགས་ཡོད་གཏོས་ཆེ་བའི་དགེ་རྒྱུན་ཕུལ། གཞན་ཡང་གཞིས་ཀ་རིན་སྤུངས། བྱང་ངམ་རིང༌། རྒྱལ་མཁར་རྩེ། མངའ་རིས་གློ་བོ་སོགས་ཀྱི་སྡེ་དཔོན། དཔོན་སྐྱ་དད་ཅན་ཇི་སྙེད་པས་འབྲུ་དང༌། རིན་པོ་ཆེ་སོགས་ཀྱི་འབུལ་བ་ཞབས་ཏོག་རྒྱུན་དང་གློ་བུར་བ་ཇི་སྙེད་དབྱར་གྱི་ཆར་སྤྲིན་ལྟར་འདུ་བ་ཡིན་ནོ། །དེ་ལྟར་དཔལ་ཚོགས་ཀྱི་བདག་པོའི་དངོས་གྲུབ་ཀྱི་རྦ་རླབས་གྱེན་དུ་འཕྱུར་བ་ལས་བྱུང་བའི་ཡང་དག་པའི་ལོངས་སྤྱོད་ཀྱི་དངོས་པོ་ནམ་མཁའ་