R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༢༡༢
[A:༢༡༢]འཚོབ་ཤར་རིའི་སྤོར། །འགྲོ་འདིའི་བསོད་ནམས་དཔལ་དུ་འཛེགས་པ་ན། །ཕན་བདེའི་ག་བུར་གཟེགས་མའི་ཐིག་ཕྲེང་གིས། །ཁོར་ཡུག་ཁ་བའི་སྨན་ལྗོངས་དཀར་པོར་མཛད། །དེ་ཚེ་སོས་ཀའི་པད་མཚོའི་འགྲམ་ངོགས་སུ། །གཉིས་འཐུང་དབང་པོ་རིང་ནས་འདུ་བ་དང༌། །འཁྲི་ཤིང་དྲ་བས་བཏེག་པའི་ལྡིང་ཁང་ན། །ཀ་ལ་པིངྐ་གླུ་དབྱངས་སྒྲོག་པ་ལྟར། །ཆོས་དང་སྲིད་ཀྱི་དཔལ་འབྱོར་ཇི་སྙེད་པ། །འབད་པ་མེད་པར་ཕྱོགས་དེར་འདུས་གྱུར་ཅིང༌། །འདོད་དགུར་སྤྱོད་པའི་སྐལ་བཟང་བྱེ་བའི་ཚོགས། །མགོན་དེའི་གྲགས་སྙན་མགྲིན་པའི་རྔ་སྒྲ་སྒྲོག །དེ་ལྟར་སྲས་བཅས་རྒྱལ་བ་ཡི། །མཁྱེན་བརྩེ་ནོར་བུའི་ཅོད་པན་གྱིས། །གང་གི་དབུ་ལ་དབང་བསྐུར་བ། །འཕྲིན་ལས་ནུས་པའི་འཁོར་ལོས་སྒྱུར། །ཁྱོད་ཞབས་ཞབས་སེན་ཟླ་དབང་ནི། །རབ་དྲེགས་དྲེགས་ལྡན་མཐའ་དག་གི །གཙུག་རྒྱན་རྒྱན་མཆོག་ནོར་བུར་ནི། །མི་འཛིན་འཛིན་མའི་ཁྱོན་ན་སུ། །དེར་ཕེབས་ནས་བདག་ཆེན་ཆོས་ཀྱི་རྒྱལ་པོ་ཉིད་ཀྱིས་རྒྱུད་སྡེ་ནས་ཇི་སྐད་བཤད་པའི་ཚུལ་གྱིས་བཞེངས་ཤིང་རབ་ཏུ་གནས་པ་བརྒྱ་རྩ་ལ་སོགས་པ་མཛད་པའི་སོ་སོའི་སྐུ་དངོས་དང་དབྱེར་མ་མཆིས་ཤིང༌། བྱིན་རླབས་ཀྱི་གཟི་འོད་ཀྱིས་རྡུལ་མི་ཆགས་པའི་ནག་པོ་ཆེན་པོའི་བྲིས་སྐུ་མེ་ཏོག་མ་ལ་སོགས་པའི་བྲིས་སྐུ་བྱིན་རླབས་ཅན་རྣམས་དང༌། དམ་ཚིག་གི་རྡོ་རྗེ་དྲིལ་བུ་གླེགས་བམ། ཕྱག་མཚན་སོགས་དབང་ཆས་ཀྱི་རིགས། རྗེ་ས་ཆེན་ཡབ་སྲས་རྣམས་ཀྱི་ཕྱག་བྲིས་ཀྱི་པོ་ཏིས་གཙོ་བྱས་པའི་ཕྱག་དཔེ་ཤིན་ཏུ་མང་བ། བདག་ཆེན་རྡོ་རྗེ་འཆང་ཡབ་སྲས་ཀྱིས་བཞེངས་པའི་སྙན་བརྒྱུད་ཐུན་མོང་མ་ཡིན་པའི་ཕྱག་དཔེ་ཇི་སྙེད་པ་དང་བཅས་པ།