R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༢༡༡
[A:༢༡༡]སྣོད་ལྡན་གྱི་བུ་སློབ་རྣམས་ཀྱིས་ཀྱང་རྩེ་གཅིག་ཏུ་གསོལ་བ་བཏབ་ཀྱང་ཞལ་གྱིས་མ་བཞེས་པའི་ཚེ། ཆུ་བོ་ཆེན་པོ་ལ་གྲུ་གཟིངས་གྱེན་དུ་བཏང་བ་ལ་ཕེབས་པ་སོགས་དགེ་བའི་མཚན་ལྟས་མང་པོ་ཤར། སྔར་གྱི་བདག་ཆེན་རྡོ་རྗེ་འཆང་ཆེན་པོའི་གསུང་རྣམས་ཀྱང་རྗེས་སུ་དྲན་པས་སླར་ཞལ་གྱིས་བཞེས་ཏེ། གངས་རིའི་ཁྲོད་ཀྱི་མཁས་པ་དང་གྲུབ་པ་ཡོངས་ཀྱི་གཙུག་ན་མངོན་པར་མཐོ་བ་གཉན་ལོ་ཙཱ་བ་ཆེན་པོ་དར་མ་གྲགས་དང༌། གནམ་ཁའུ་པ་དར་མ་རྒྱལ་མཚན་ནས་བཟུང་སྟེ་རྗེ་བཙུན་ས་སྐྱ་པ་ཡབ་སྲས་ཁུ་དབོན་རིམ་པས་རྣམ་པར་གྲོལ་བའི་གོ་འཕང་བརྙེས་པའི་གྲུབ་གནས་དམ་པ་དཔའ་བོ་མཁའ་འགྲོ་ངང་གིས་འདུ་ཞིང༌། དམ་ཅན་རྒྱ་མཚོ་སྤྲིན་ལྟར་འཐིབས་པ། གྲུབ་རིག་འཛིན་པ་བྱེ་བའི་བསྟི་གནས། ལྷག་པར་དཔལ་མགོན་ཆེན་པོ་གདོང་བཞི་པ་འཁོར་བཅས་མངོན་སུམ་དུ་གནས་ནས་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་བདེ་བླག་ཏུ་སྟེར་བའི་ཕོ་བྲང༌། མཐོང་བ་ཙམ་གྱིས་ཡིད་འཕྲོག་ཅིང་ཏིང་ངེ་འཛིན་ཁྱད་པར་ཅན་ངང་གིས་སྐྱེ་བ། ཐོས་པས་ཀྱང་དོན་དང་ལྡན་པ་དཔལ་གནམ་ཁའུའི་བྲག་རྫོང་གི་ཆོས་ཀྱི་མངོན་པར་མཐོ་བའི་སེང་གེའི་ཁྲི་ལ་ཞབས་ཀྱི་པདྨ་བཀོད་དེ་ཁ་བ་ཅན་གྱི་རིག་སྔགས་འཆང་བ་ཡོངས་ཀྱི་གཙུག་གི་ནོར་བུ་ལ་བཀའི་སྤྲིངས་ཡིག་ངལ་གསོ་བར་གྱུར་ཏོ། །མཁས་མང་ཀུན་དའི་རྩེ་ལ་གར་བྱེད་ཅིང༌། །གྲུབ་མཆོག་མགྲིན་སྔོན་རལ་པར་ངལ་གསོ་བའི། །ཁྱོད་ཞབས་ཆུ་ཤེལ་དཀར་པོའི་འོད་རིས་ཅན། །ལུང་རྟོགས་རླུང་གི་ཤིང་རྟ་ལ་ཞོན་ནས། །ཡབ་རྗེ་བླ་མའི་གདུང་