R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༢༡༠
[A:༢༡༠]ཐུགས་དད་སྐྱེས་ཤིང་མངོན་ཤེས་རང་དུ་འདུག་གསུང་བ་བྱུང་འདུག །སེང་གེ་རྩེར་རྗེས་མ་ཕེབས་རེས་སྐྱེད་ལྷས་སུ་ཕེབས་ནས་བདག་ལ་ཞལ་ཀུར་གྱི་ཚུལ་དུ་ཁྱེད་ཀྱི་སྡེ་པ་ལ་ལེགས་པོ་ཡེ་མི་འདུག་གསུངས། ཇི་ལྟར་ཡོང་ངམ་ཞུས་པས་ལོ་གཅིག་གཉིས་ནས་རྗེས་མེད་པ་ཞིག་ཡོང་བ་འདུག །གཞན་ལ་མ་གསུང་མཛོད་གསུང་བ་དང༌། རྗེ་ཉིད་ཀྱི་དབོན་ནང་སོ་ཀུན་དགའ་བ་ལའང་འཕྲལ་བཀའ་བཀྱོན་གྱི་རྣམ་པར་ཁྱོད་ཤི་བ་དང་རྡོ་རིང་སྟོང་པ་མཉམ་པོར་འོང་གསུང་པའང་དེ་ཁོ་ན་ལྟར་བྱུང་བ་དང༌། དེ་བཞིན་དུ་གྲྭ་པ་སྦྱིན་བདག་སོགས་ལ་བསླབ་སྟོན་གྱི་ཚུལ་དུ་གནང་བའི་ཞལ་ཏ་ཇི་སྙེད་པའང༌། རྗེས་སུ་བརྟགས་པ་ན་མ་འོངས་པ་མཁྱེན་པའི་ལུང་བསྟན་ཁོ་ནར་བྱུང་བ་མང༌། མདོར་ན་ཐལ་བྱུང་དུ་ཞལ་ཏ་གནང་བ་ཕལ་མོ་ཆེའང་ཕྱིས་ཇི་ལྟ་བ་བཞིན་ཐོག་ཏུ་འབབ་པར་སྣང་ངོ༌། །དེ་ལྟར་ལུང་རྟོགས་ཀྱི་ཡོན་ཏན་གྱི་ཆུ་ཀླུང་མ་ལུས་པ་གང་དུ་འདུས་པའི་མཁྱེན་བརྩེ་ནུས་པའི་གཏེར་ཆེན་པོ་འདི། འགྲོ་བ་མ་ལུས་པའི་སྐྱབས་མགོན་གྱི་འོས་སུ་གྱུར་པས། བདག་ཆེན་རྡོ་རྗེ་འཆང་ཆེན་པོ་ཉིད་བཞུགས་པའི་དུས་ནས་དོན་གྱིས་རྒྱལ་ཚབ་ཏུ་མངའ་གསོལ་ནས་སྙན་བརྒྱུད་ཀྱི་གདམས་པ་ཆིག་བརྒྱུད་དུ་འོས་པ་རྣམས་བུམ་པ་གང་བྱོར་གནང་ཞིང་བཞུགས་གདན་སྤོར་བ་སོགས་བསྟན་པ་རིན་པོ་ཆེ་གཏད་པའི་བཀའི་ཕྲེང་བ་གང་གི་དབུ་ལ་ཅོད་པན་དུ་བཅིངས་པའི་རྣམ་དཀར་གྱི་རྟེན་འབྲེལ་མཐའ་དག་འགྲིག་པའི་སྟོབས་ཀྱིས། སེང་གེ་རྩེ་ནས་བདག་མོ་ཆེན་མོས་སྐྱེད་ལྷས་ཀྱི་གདན་སར་ཅིས་ཀྱང་ཕེབས་དགོས་པའི་རྒྱུ་མཚན་ནན་བསྐྱེད་རིམ་པར་ཕུལ་བ་དང༌། ཆོས་རྗེ་དགེ་སློང་ཆོས་སྐྱོང་གྲགས་པ་ལ་སོགས་པ་