R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༢༠༩
[A:༢༠༩] མཐར་ནི་ཐམས་ཅད་ལ་སངས་རྒྱས་དངོས་ཀྱི་འདུ་ཤེས་བཞག་ནས་མི་ཕྱེད་པའི་དད་པ་རྩེ་གཅིག་ཏུ་བསྒོམ་པར་མཛད་ཅིང༌། སྐྱེ་བོ་གཞན་དག་གིས་དེ་དག་གི་ཁྲོད་ནས་འགའ་ཞིག་ལ་གནས་ཚུལ་ལ་སྙད་པའི་སྐུར་བ་ཅུང་ཟད་འདེབས་པ་ནའང༌། བཤད་སྦྱངས་ཀྱི་སྒོ་ནས་བཟློག་པའམ་རང་ཉིད་གཞན་དུ་འབྱོན་པའམ། དེ་ལྟ་བུ་མ་བདེ་ནའང་ཐུགས་དམ་གྱི་ངང་དུ་མཉམ་པར་བཞག་ནས་སྙན་དབང་ཙམ་དུའང་མི་གསན་པར་མཛད་པ་ཡིན་ནོ། །བསམས་ན་ཤེས་པའི་མངོན་པར་ཤེས་པའང་ཐོགས་མེད་དུ་མངའ་བ་ཡིན་ཏེ། སེང་གེ་རྩེ་བའི་བདག་མོ་རྡོ་རྗེ་བུ་ཁྲིད་པས་སྐུ་ཆ་བརྟག་པ་ཞིག་མཛད་དགོས་ཞུས་པས་དེ་འདྲ་མི་དགོས་ཁྱེད་ཚོ་སྔར་སྲས་པོ་ཡིན་ཟེར་བ་འདི་བུ་མོ་ཡིན། ད་ལྟ་སྐུ་ལུས་ལ་ཡོད་པ་འདི་བུར་སྐྱེ་བའི་ཁག་ཐེག་གསུངས་པས་དེ་ཁོ་ན་བཞིན་དུ་བྱུང་བ་དང༌། ཡང་ལན་ཅིག་སེང་གེ་རྩེ་ནས་སྨད་ཕྱོགས་ལ་འབྱོན་ཁར་བདག་མོ་ལ་ད་ལོ་ཁྱེད་རང་གི་སྐུ་ཆས་གང་འདུག་རིམ་གྲོ་ལ་མ་བཏང་ན་དོག་ཆ་ཤིན་ཏུ་ཆེ་བ་འདུག་པས་ཅིས་ཀྱང་ཐུགས་རྩོལ་མཛད་པ་ཞུ་གསུངས། དེ་མཐུན་སྡེ་པ་དཔོན་བློན་ལའང་བདག་མོ་ལ་སྐུ་ཆས་གང་འདུག་སྐུ་རིམ་ལ་ཐོང་ཞུས་ཡོད་པས་དེའི་མཐུན་རྐྱེན་མི་མཛད་པར་ཁ་འགེགས་མཛད་ན་བདག་མོ་དང་འབྲལ་ཐག་ཆོད་གདའོ་གསུང་བ་གནང་ཀྱང༌། སྐུ་ཆགས་ཀྱི་དབང་གིས་ལེ་ལོར་ལུས་པས་དེ་ལོ་བདག་མོ་གཤེགས་རྗེ་འདི་ཕེབས་གདོང་དུ་སྡེ་པ་དཔོན་གཡོག་རྣམས་ཤིན་ཏུ་གནོང་བས་མཇལ་མི་ནུས་པ་ལྟ་བུ་བྱུང༌། དུས་ཕྱིས་ཀྱི་དབུས་གཙང་གི་བདེ་གཟར་ཆེན་པོ་འདི་འགོ་རྩོམ་པའི་དུས། གཉུག་ལ་བའི་ཞུ་ངོ་ལ་འཕྲོས་ནས་གཞིས་ཀ་རིན་སྤུངས་སུ་སྡེ་པ་ངག་དབང་རྣམ་རྒྱལ་དཔོན་བློན་ལ། རྗེ་འདིས་སྙན་འདེབས་མང་པོ་ཕུལ། དེ་བཞིན་མ་མཛད་ན་མཁའ་རེག་མན་ལ་སྤྱན་གཟིགས་རྒྱུ་མི་ཡོང་ཐག་ཆོད་གསུངས་པས། ཐུགས་ལ་ཤིན་ཏུ་མི་འཕྲོད་པ་ལ་རྗེས་སུ་དེ་ཁོ་ན་ལྟར་བྱུང་བས་