R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༢༠༨
[A:༢༠༨]དབྱིངས་སུ་གཟིམས། །དེ་ཚེ་ཨྱོན་མཁའ་འགྲོའི་ཕོ་བྲང་ནས། །ཀེང་རུས་གཟུགས་ཀྱི་རྒྱུ་བའི་དྲེགས་ལྡན་དེའང༌། །བདག་ཀྱང་རྡོ་རྗེ་འཛིན་དབང་ཁྱོད་ཉིད་ཀྱི། །བཀའ་འབངས་བགྱིད་ཅེས་ཡུད་ཀྱིས་འདིར་འོངས་ནས། །བྲན་ལྟར་ལས་ཀུན་བསྒྲུབ་ཅིང་གནས་པ་སྙམ། །ཐོགས་མེད་ཀུན་གཟིགས་མཛེས་མའི་ལྟེ་བར་ནི། །ཐོགས་བཅས་རྡོ་རྗེ་དྲིལ་བུ་བརྟན་པར་བཞག །གྲུབ་པ་མཆོག་གི་གྲགས་དཀར་དྲི་བསུང་གིས། །གངས་ཅན་རི་བོའི་ཁྱོན་འདི་ལྷ་མེར་སྣང༌། །སྟོང་ཉིད་སྙིང་རྗེ་རོ་མཉམ་ཆུ་ལྡན་ནི། །རིག་སྔགས་གྲུབ་པའི་དབྱར་སྐྱེས་རྔ་སྒྲ་ཅན། །ཁྱོད་ཀྱི་མཐུ་སྟོབས་རྡོ་རྗེའི་མདའ་བོ་ཆེ། །གང་དུ་ལྷུང་བའི་མ་རུངས་འགྲོ་འདི་དང༌། །སྒྲིབ་གཉིས་འཁྲུལ་པའི་སྣང་བ་ལྷན་ཅིག་ཏུ། །དུས་མཐའི་མེ་དང་ཕྲད་པའི་བུད་ཤིང་བཞིན། །སྐད་ཅིག་ཉིད་ལ་མིང་ཙམ་ལྷག་མར་ནི། །མཛད་པས་ཐུབ་བསྟན་དཀར་པོའི་དཔལ་སྟེར་བ། །ཁྱོད་ལས་གཞན་པའི་རིགས་སྔགས་འཆང་བ་སུ། །གང་གིས་དམ་ཚིག་རྡོ་རྗེའི་བཀའ་ལུང་གིས། །དམ་ཅན་རྒྱ་མཚོའི་ཚོགས་རྣམས་མངོན་སུམ་དུ། །སྐལ་ལྡན་སློབ་མའི་བྲན་དུ་གཏོད་བྱེད་པའི། །རྡོ་རྗེ་སློབ་དཔོན་དུས་འདིར་ཁྱོད་ཁོ་ན། །དེ་བཞིན་དུ་བླ་མ་ལ་དད་ཅིང་གུས་པའི་ཡོན་ཏན་ཀྱང༌། ཡོངས་འཛིན་དམ་པ་རབ་ཏུ་མང་པོའི་ཚོགས། དེ་དག་ཀྱང་ཕལ་ཆེར་ནི་གསུང་ཆོས་ཀྱི་བཀའ་དྲིན་མང་དུ་ནོས་པར་སྣང་ལ། ཁ་ཅིག་ནི། རིང་མོ་ཞིག་གི་གཅིག་ནས་གཅིག་ཏུ་བརྒྱུད་པའི་འབྲེལ་བའི་ཐུགས་ཞེན་གྱི་དབང་ལས་དང༌། ཁ་ཅིག་ནི། དག་སྣང་ལྷུར་བླངས་པ་དང༌། འགའ་ཟུང་ནི་ཕར་སློབ་ཚུར་སློབ་ཏུ་གྱུར་པའང་སྣང་མོད་ཀྱང༌།