R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༢༠༧
[A:༢༠༧]བ་སོགས་ངོ་མཚར་བ་བྱུང༌། ཕལ་ཆེར་ལ་རྗེས་གནང་ཞུ་བའི་གྲབས་བྱས་ནས་གཟིམས་ཁང་གི་སྒོར་སླེབ་པ་དང༌། ཆབ་བླངས་པ་ཙམ་ནས་སེམས་འཇིགས་ཤིང་ལུས་འདར་བ་དང༌། དངོས་གཞིའི་དུས་ཐ་མལ་གྱི་རྟོག་པ་འགགས་པ་ནི་ངེས་པར་འབྱུང་བ་ཉམས་སུ་མྱོང་བ་ཡིན་ལ། གཞན་ཡང་འཇིགས་སུ་རུང་བའི་མཐོང་སྣང་སྣ་ཚོགས་དང༌། ས་གཡོ་བ་དང༌། ས་ཕྱོགས་ཐམས་ཅད་ཤ་ཆེན་གྱི་དྲི་ལྡང་བ་དང༌། ནམ་མཁའ་དབྱིངས་ནས་མི་རྐང་གི་སྒྲ་ཐོས་པ་སོགས་ངོ་མཚར་བའི་ལྟས་དུ་མ་བྱུང་བའི་ལོ་རྒྱུས་ཀྱང་མང་དུ་སྣང་ངོ༌། །གྲུབ་པའི་སྙན་བརྒྱུད་གསང་ཆེན་མན་ངག་གི །སྤྲིངས་ཡིག་བདུད་རྩིའི་མཚམས་སྦྱོར་མ་ཉམས་པས། །རྡོ་རྗེ་ནག་པོ་ཞལ་དམར་ཆེར་གསལ་བ། །རང་ཉིད་ཇི་བཞིན་འདྲེན་བྱེད་ལམ་དུ་ཤར། །ནཱ་ལ་ཨིནྡྲའི་གཙུག་ལག་ཁང་ཆེན་དུ། །མཁའ་འགྲོ་ལྷ་བརྒྱད་སྐུ་ཡི་སྣང་བརྙན་ནི། །ཆར་སྤྲིན་ཁྲོད་ན་གློག་དམར་འཁྱུག་པ་ལྟར། །དུས་མེའི་ཕྲེང་བས་བསྐོར་བ་མངོན་སུམ་གཟིགས། །དེ་ལྟར་གྲུབ་དབང་བྲམ་ཟེ་མཆོག་སྲེད་དེ། །ཁ་བའི་ལྗོངས་འདིར་ཐུགས་རྗེས་བྱོན་པ་ན། །བསེ་འབག་ནག་པོ་སྤྱན་འདྲེན་ལོ་ཆེན་ཀྱང༌། །དམ་བཅའི་ཟོལ་གྱིས་སྐྱེངས་ཏེ་མཁའ་སྤྱོད་བཞུད། །ཧ་ཧ་རྒོད་པའི་ཞིང་སྐྱོང་དྲེགས་པ་ཅན། །རྣམ་རོལ་དུ་མས་ཉིན་བཞིན་ཁྱོད་དྲུང་ན། །མ་བསྒོས་པར་ཡང་འཕྲིན་ལས་ཀུན་བསྒྲུབ་ཅིང༌། །བ་ལིང་གཏོར་མས་འདོད་དགུར་འཚོ་བ་ན། །གྲུབ་པ་མཆོག་གི་དེད་དཔོན་ཁའུ་པ། །རང་གི་བསྟི་གནས་བས་མཐའི་སྨན་ལྗོངས་དང༌། །བསྟན་སྲུང་དབང་པོ་གདམས་པར་བཅས་པ་ཀུན། །ཁྱོད་ལ་གཏད་ནས་ཞི་བའི་