R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༢༠༦
[A:༢༠༦]པས་རྗེ་ཉིད་མགོན་ཁང་དུ་ཕེབས་ཐུགས་དམ་མཛད་པའི་མཐར་བྲག་སྒོ་ཕྱོགས་ལ་གཟིགས་ནས་མི་ལ་ལབ་པ་ལྟར་ད་རྗེས་གནང་མི་བྱེད་བྱས་ཀྱང་ཡེ་མི་ཉན་པ་འདུག་པས། བྱེད་མི་བཏུབ་ན་ཀུན་གྱི་མཐུན་སྣང་དུ་གྲུབ་པའི་ལྟས་སྟོན་གསུང་བ་སོགས་གནང་བས། དེ་འཕྲལ་འུར་སྒྲ་དང་ཐུག་ཆོམ་ཆེན་པོ་སྐྱེད་ལྷས་ཀྱི་རི་དེ་ཉིལ་ནས་མགོ་ཐོག་ཏུ་ལྷུང་བ་སྙམ་བྱེད་པ་ཀུན་གྱིས་ཐོས་པ་བྱུང༌། གྲྭ་པ་དེའང་བླ་བྲང་འགག་ན་ཆོས་སྒུགས་ཀྱི་ཚུལ་དུ་ཡོད་འདུག་པས་རེ་ཞིག་དྲན་མེད་དུ་བརྒྱལ། སླར་སོས་ནས་ཐུགས་བདེན་པར་འདུག །ད་རྗེས་གནང་ཡེ་མི་ཞུ། འཁུ་ལྡོག་སོགས་མི་ཡོང་བའི་བྱིན་རླབས་ཤིག་དགོས་ཞུ་བ་བྱུང་བ་སོགས། དེ་འདྲའི་རིགས་ཅན་མང་དག་བྱུང་འདུག །སྐལ་ལྡན་གྱི་རིགས་ལ་ཁམས་པ་བླ་མ་ཡཀྵ་ཀྲོ་ཏེ་ཟེར་བ་ཞིག་གིས་ཁམས་སུ་མགོན་པོ་ཞལ་བཞི་པ་བསྒྲུབས་པས། དེའི་སྐུའི་རྣམ་པ་མི་ལངས་པའི་ལག་པ་བརྐྱང་པའི་སྟེང་དུ་ཞབས་གཉིས་བཞག་པ་ཞིག་མཐོང་བའི་ཞལ་ནས་ཁའུ་སྐྱེད་ལྷས་སུ་རྡོ་རིང་པའི་རྩར་རྒྱུག་གསུང་བའི་ལུང་བསྟན་བྱུང་བས། རྐང་བཙུགས་འོངས་ཏེ་རྗེས་གནང་ཞུས་པས་དུས་དེ་ཉིད་དུ་ཏིང་ངེ་འཛིན་དུ་མ་རྒྱུད་ལ་སྐྱེས་ནས་མི་ཕྱེད་པའི་དད་པ་ཐོབ་པ་དང༌། འདན་མའི་གྲྭ་པ་ཞིག་གིས་རྗེས་གནང་ཞུས་པའི་ཚེ། བླ་མ་ནག་པོ་ཆེན་པོར་གསལ་བའི་ཞེས་པའི་གསུང་ཐོས་འཕྲལ་རྗེ་ཉིད་ནག་པོ་ཆེན་པོ་དངོས་སུ་མཐོང་བའི་ཞལ་གདངས་པའང་ནང་དེ་ཁྲག་གི་དམར་ཁྲིག་ཁྲིག་གང་བ་ཞིག་ཏུ་མཐོང་ནས་ལུས་ཉམས་བཟུང་བས་མི་ཐུབ་པ་བྱུང་ཞིང༌། ཕྱིས་སུའང་ལམ་ཟབ་བསྒོམས་པ་ཙམ་གྱིས་ལུས་བྱ་ལྟར་ལྡིང་ཞིང་ཐོག་སོ་མང་པོ་ལ་ཡར་མར་གང་ལའང་ཐོགས་མེད་དུ་འཕུར་