R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༢༠༣
[A:༢༠༣]ཕེབས། བྲག་པའི་སྤྱི་ཁང་ན་བཞུགས་པའི་ཚེ། གཟིམས་ཁང་ནས་འབོད་མཁན་གནང་བྱུང༌། ང་སླེབ་པ་སུས་ཞུས། རྗེ་རིན་པོ་ཆེ་སྐུ་མཚམས་གྲོལ་བ་ཨེ་ཡིན་གསུང་པས། སྐུ་མཚམས་ཤིན་ཏུ་དམ་པར་ཡོད་ཞལ་ཏ་ལ་ཆོས་རྗེ་ཀུན་སྤངས་པ་ཕེབས་ཡོད་འདུག་པས་ད་ལྟ་གདན་དྲངས་ཤོག་གསུང་གིན་འདུག་ཟེར། དེར་བྱོན་པས་མཁྱེན་རབ་ཆོས་རྗེའི་ཞལ་ཏ་ལ་ད་ནང་ཐོ་རངས་བདག་ཆེན་རིན་པོ་ཆེ་སྔས་མགོར་བྱོན་བྱུང་ནས་ཆོས་རྗེ་ཀུན་སྤངས་པ་ས་སྐྱར་བརྫངས་ནས་འདིར་འབྱོན་པ་ཡོད་པས་མཇལ་ཁ་ཐོང་གསུང་བ་བྱུང༌། ད་ནང་ལས་མཁན་རྣམས་དང༌། བྱ་ནག་གཡག་ནག་ཁྱི་ནག་སོགས་བསམ་གྱིས་མི་ཁྱབ་པ་དཔལ་ལྡན་རྩེ་ནས་སྒོ་ལ་མི་ཤོང་བ་ཙམ་སོང༌། བདག་ཆེན་རིན་པོ་ཆེའི་སྐུ་དོན་གལ་ཆེན་རང་ཞིག་ཡོད་པ་འདྲ། གང་ལྟར་ངེད་ཀྱིས་ལམ་གྱི་བར་ཆད་སེལ་བ་ལ་གཟུངས་གྲ་ལྔའི་དབང་བསྐུར་ཞིག་བྱེད་ཐུགས་དམ་ད་ཅི་ནས་ཚར་གསུང་ནས་གནང་བས། རྗེ་ཡབ་སྲས་གཉིས་ཀ་ལ་མི་ཕྱེད་པའི་དད་པ་འཁྲུངས་ཤིང་སྤྱན་ཆབ་མང་པོ་ལྷུག་པར་ཤོར། དེ་ནས་རིམ་བཞིན་བརྒྱུད་དེ། ཕེབས་པས་ལམ་བར་རྣམས་སུ་སྤྱན་ཟུར་ལ་ཆིབས་ཀྱི་སྔ་ཤལ་བྱིས་པའི་མགོ་ཅིག་ཕྲུལ་ཕྲུལ་ཡོང༌། ཆེད་དུ་གཟིགས་པ་ན་མེད་འགྲོ་བ་དང༌། གཞན་ཡང་ཆོས་སྐྱོང་གི་རྣམ་འཕྲུལ་འཇིགས་སུ་རུང་བ་མང་པོ་བྱུང་གསུང༌། དེ་ནས་ས་སྐྱར་ཕེབས་གདོང་དུ་གྲོས་ངན་གཤོམ་པའི་གཙོ་བོ་དེའི་བུ་ཤིན་ཏུ་གཅེས་པ་གཅིག་ཤི །གཞན་རྣམས་ལའང་མི་འདོད་པའི་ལྟས་དུ་མ་བྱུང་བས་ཐམས་ཅད་འཇིགས་ཤིང་སྐྲག་ནས་ཞལ་ཏ་གང་གནང་ལྷུར་ལེན་པ་བྱུང༌། སེང་གེ་རྩེ་པའི་བདག་མོ་ཆེན་མོས་ངེད་ལ་གཞན་གྱིས་བྱད་ཁའི་རྣམ་པར་མི་སྡུག་པའི་ལྟས་དུ་མ་ཡོང་བ་ཞིག་འདུག་