R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༢༠༢
[A:༢༠༢]བསུ་བའི་ཚུལ་དུ་འཆམ་སྟངས་དང་བཅས་ནས་བྱོན། རེས་འགའ་ཨ་ཙ་ར་གཞུང་མའི་རྣམ་པར་ཀྱང་སྟོན་གྱིན་འདུག་གསུང༌། ལན་ཅིག་ནཱ་ལེནྡྲའི་གཟིམས་ཁང་གི་བློས་བླངས་སྟེང་དུ་སློབ་མ་ཉུང་ཤས་ཤིག་ལ་གུར་མགོན་གྱི་རྗེས་གནང་གནང་དུས་མདུན་གྱི་ནམ་མཁའ་སྤྲིན་ནག་གི་ཁྲོད་ན་མགོན་པོ་ལྷ་བརྒྱད་འཁོར་བཅས་མེ་དཔུང་འབར་བ་དང་བཅས་པ་མངོན་སུམ་དུ་གཟིགས། ཤབ་སྟོད་དུ་གཏོར་སྒྲུབ་ཅིག་མཛད་པའི་གྲལ་དུ་སྤྱན་འདྲེན་གྱི་དུས་རྗེ་ཉིད་ཀྱིས་རྡོ་རྗེ་དྲིལ་བུ་དྲག་ཏུ་གསོར་དཀྲོལ་མཛད་ཅིང་ཐུགས་ཡེངས་པ་ལྟ་བུའི་ངང་ནས་སྐུ་མདུན་གྱི་ཅོག་ཙེའི་ཐད་ཀྱི་བར་སྣང་དུ་རྡོ་རྗེ་དྲིལ་བུ་བཞག །རེ་ཞིག་དེ་གར་ཆགས་བྱུང་བ་ལ། སྐུ་འཁྲིས་ན་ཡོད་པ་དེས་གྲུབ་རྟགས་གནང་བྱུང་ལེགས་ཞུས་པས། སླར་ཕྱག་གིས་བླངས་ཏེ་གང་བྱུང་བ་གསུང་ཟེར་བའང་ཐོས། བདག་ཆེན་རྡོ་རྗེ་འཆང་ཆེན་པོ་འཕན་ཡུལ་དཔལ་ལྡན་རྩེ་ན་བཞུགས་པའི་དུས། ས་སྐྱར་ཅི་རིགས་ཀྱིས་ཞབས་འདྲེན་གྱི་བཅའ་སྒྲིགས་སོགས་མང་དག་བྱུང་བ་ལ་བརྟེན། བདག་ཆེན་རིན་པོ་ཆེའི་ཞལ་ཏ་ལ་དེ་དོན་ལ་ཆོས་རྗེ་ཀུན་སྤངས་པ་སྐོར་ཅིག་འབྱོན་དགོས་པ་འདུག་པས་གནས་ཚུལ་བླང་དོར་འདི་བཞིན་གྱིས་ཀྱི་ཞལ་བཀོད་ཞིབ་པར་ཕེབས། གང་ལྟར་ལས་ཆོས་སྐྱོང་རྣམས་ཀྱིས་བསྒྲུབ་པ་ཡོད་གསུང་ཆོས་སྐྱོང་རྣམས་ལའང་གསུང་གདངས་མཐོན་པོས་ཁོང་གི་རྗེས་ལ་རྒྱུག་ཅིག་གསུང་བ་དང༌། ཕར་ལམ་ནཱ་ལེནྡྲར་ཆོས་རྗེ་མཁྱེན་རབ་པས་ཆོས་ཤིག་གནང་བ་ཡོད་པས་ཞུས་གསུང༌། རྗེ་འདིའི་དགོངས་པ་ལ་ཆོས་རྗེ་རིན་པོ་ཆེ་མཁྱེན་རབ་པ་ནི་སྐུ་མཚམས་ཤིན་ཏུ་དམ་པར་ཡོད་འདུག །ཇི་ལྟར་ཡོང་ངམ། གང་ནའང་བཀའ་ལྟར་བསྒྲུབ་དགོས་སྙམ་ནས་བྱོན་ནས་ནཱ་ལེནྡྲར་