R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༢༠༠
[A:༢༠༠]འདི་ངོར་དུ་ཐུགས་ལ་བཟུང་ནས་དེ་འཕྲལ་ཉ་རི་ཕྱོགས་སུ་བྱོན་པས་ལམ་དུ་སྣོད་སྟོང་དང་ཞ་ལོང་སོགས་མི་སྡུག་པའི་མཚན་མ་དགུ་བཏུད་ཙམ་བྱུང༌། མཐར་ཐུག་དྲན་པས་མི་ཟིན་པ་ཙམ་བྱུང་བ་ན། ཆིབས་གཞོལ་ཏེ་གུར་མགོན་གྱི་སྲུང་འཁོར་བསྒོམ་པས་ཅི་བདེར་སོང་ནས་ངོ་མཚར་བའི་མཚན་མ་བྱུང་གསུང༌། འདི་ལྟ་བུའང་འཕྲལ་རྩེ་རེག་གི་རྣམ་པར་སྣང་ཡང་ངེས་པར་ཕུགས་རྗེས་སུ་འཛིན་པའི་ལྟས་སུ་འདུག །དེ་བཞིན་དུ་རྟེན་སྐྱ་བོའི་དུས་ནས་དཔལ་མགོན་གྱི་གཏོར་མ་བསྔོ་བའི་སྐབས་འགར་གཏོར་མའི་ཞལ་ཡུད་ཀྱིས་བསྒྱུར་ཡོང་བ་དང༌། གློ་བུར་དུ་ཕེབས་བཞུད་དགོས་པའི་སྐབས་འགའ་ཞིག་ཏུ་དུར་ཁྲོད་བདག་པོའི་རྒྱུན་གཏོར་ཁྲུ་རེ་ཙམ་དང་མཐོ་རེ་ཙམ་ཅི་རིགས་པར་འཕར་བ་ཀུན་གྱི་མཐུན་གྲུབ་ཏུ་མཐོང་བ་དང༌། ཆུ་མིག་བླ་བྲང་དུ་བཞུགས་པའི་ནུབ་གཅིག་ནམ་ཕྱེད་ཙམ་ན་ཐུག་ཅོམ་འུར་སྒྲ་ཤིན་ཏུ་ཆེ་བ་ཞིག་བྱུང་བའི་རྗེས་སུ་རྗེ་ཉིད་བཞུགས་པའི་སྒོ་དེ་ཤག་སྟེ་ཕྱེ་ནས་པུ་ཏྲ་འདི་མི་ནག་པོ་གོས་ནག་ཅན་འཇིགས་སུ་རུང་བ་ཞིག་ཏུ་བྱས་ཕྱག་གཡས་ན་རལ་གྲི་འོད་ཀྱིས་ནང་ཐམས་ཅད་སྒྲོན་མེ་བཏེག་པ་བཞིན་ལྷག་ལྷག་འོང་བ་ཞིག་བསྣམས་གཡོན་ན་མི་མགོ་ཁྲག་འཐིག་པ་ཞིག་ཁུར་ནས་འདི་ལེན་པ་ལ་དཀའ་ལས་ཆེན་པོ་བྱུང་ཟེར་སྡུག་ཡུས་དང་བཅས་བསྐྱུར་ནས་སོང་གསུང༌། བདག་ཆེན་རྡོ་རྗེ་འཆང་ཆེན་པོའི་དྲུང་དུ་ནག་པོ་ཆེན་པོའི་གསང་འཁྲིད་གསན་ནས་བསྒོམས་པའི་དུས་ཤིག་འོད་གསལ་གྱི་གཟིགས་སྣང་ལ་རང་ཉིད་གུར་གྱི་མགོན་པོ་དངོས་སུ་གཟིགས་ཤིང་དེའི་གཡས་ཕྱོགས་ན་ཡུམ་ཆེན་ཨེ་ཀ་ཛཱ་ཊི་བཞུགས་པའང་གསལ་བར་གཟིགས། འཁོར་གཞན་རྣམས་ཀྱང་ཡོད་སྙམ་པ་ཙམ་བྱུང་གསུང༌། ལན་ཅིག་མནལ་ལམ་གྱི་རྣམ་པར་སྐྱེད་ལྷས་ཤར་ངོས་ཀྱི་