R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༢༠༡
[A:༢༠༡]སྤྱིལ་པོ་ཞིག་ན་བཞུགས་འདུག་པའི་ཚེ་མི་གཅན་གཟན་གྱི་ཐུལ་བ་གྱོན་པ་མང་པོ་ནང་ལ་བྱུང་བ་ལ་ཐུགས་འཇིགས་པའི་རྣམ་པས་ནམ་མཁའ་ལ་འཕུར་ཏེ། མགོན་ཁང་གི་མདུན་ངོས་ཀྱི་ནམ་མཁའ་ལ་ཕེབས་པ་ན། མགོན་ཁང་གི་སྟེང་གི་སེང་ཕུག་གི་ཐད་ན་མགུལ་བ་ཡན་ཆད་འཐོན་པའི་ཞལ་བཞི་ཡོངས་སུ་རྫོགས་པ་ནམ་མཁའི་མདོག་ལྟ་བུ་འཛུམ་ཞིང་ཁྲོ་བ་སྤྱན་རེ་རེ་ལའང་ཉི་མ་བྱེ་བའི་འོད་ཙམ་འཕྲོ་བས་མིག་གིས་ལྟ་བར་མི་བཟོད་པ་ཞིག་འདུག་གསུང༌། པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི་དྲུང་དུ་བདག་ཆེན་ཞ་ལུ་པ་ནས་བརྒྱུད་པའི་དཔལ་མགོན་ཆེན་པོའི་ཆོས་སྐོར་འགའ་གསན་པའི་ཚེ། རྗེ་དེའི་སྐུ་གཞོགས་སུ་བྲམ་ཟེ་མདོག་སྔོ་བསངས་རས་ཡུག་སྔོན་པོའི་ལྡིང་གོན་བྱས་པ་ཅིག་གློ་བུར་དུ་ཡུད་ཀྱི་བྱུང་བ་གཟིགས་འཕྲལ་ཐུགས་ཉམས་འུར་བ་དང༌། ཆོས་རྗེ་པ་གསུང་ཆོས་གནང་འཕྲོ་བཞག་ནས་དཔལ་མགོན་གྱི་སྔགས་འདོན་ཅིང་བཞུགས་འདུག་གསུང༌། ལན་ཅིག་སྐྱེད་ལྷས་སུ་གྲིབ་ཀྱི་རྣམ་པས་གསུང་འགགས་ཏེ་མི་ཐོན་པ་སོགས་ཅུང་ཟད་བསྙེལ་བའི་རྣམ་པ་བྱུང་ནས། ཁྲུས་ཆོག་སོགས་སྐུ་རིམ་བྱེད་པར་རྩོམ་པ་ནས་ཉེ་གནས་ལ་ཡར་ཤོག་གསུང༌། འཕགས་པ་བྲག་ཁུང་དུ་སྐུ་མདུན་དུ་ཕྱིན་པས་སྐུ་ཁམས་སངས་དངས་ནས། ཁྱེད་ཚོའི་རིམ་གྲོ་མི་དགོས་པ་འདུག་ང་རང་ལ་རིམ་གྲོ་བྱེད་མཁན་བྱུང་གསུང༌། ཇི་ལྟར་བྱུང་ཞུས་པས། ད་ལྟ་ཨ་ཙ་ར་ལག་པ་གཡོན་ན་ཀུ་བ་ཆུས་གང་བ་དང༌། གཡས་ན་ཀུ་ཤ་ཁྱེར་བ་ཞིག་བྱུང་ནས་ཁྱེད་ལ་སྐུ་གྲིབ་ཞིག་བྱུང་འདུག་པས་ངས་ཁྲུས་བྱེད་པ་ཡིན་ཟེར་ནས་ཁྲུས་ཆུ་ལུས་ལ་འཐོར་ཞིང་སྔགས་ཀྱི་རྣམ་པ་བཏོན་ནས་སོང་བས་དེ་འཕྲལ་ལ་ཕན་བྱུང་གསུང་བ་དང༌། སྐྱེད་ལྷས་ཀྱི་མགོན་ཁང་ནང་དུ་བྱོན་རེས་ཀྱི་ཕལ་ཆེར་བདག་ཆེན་རིན་པོ་ཆེའི་ཞལ་གཟིགས་ཀྱི་བྲམ་ཟེ་དཀར་པོ་དར་གྱི་གོས་ཅན་རྩེ་གསུམ་དང་ཐོད་ཁྲག་འཛིན་པ་འདི་ཡུམ་ཆེན་བཞི་དང་བཅས་པ་བྲག་སྒོ་ནས་