R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༡༩༩
[A:༡༩༩]ཡིད་འཕྲོག་མིག་གིས་བདུད་རྩིར་སྣང༌། །ལྷོ་ཕྱོགས་མ་ལ་ཡའི་རླུང་གིས། །ཤེལ་དཀར་ལྕུག་ཕྲན་བསྐྱོད་འདྲ་བའི། །རྒྱལ་སྲས་གཞོན་ནུའི་སྣང་བརྙན་གྱི། །སྒྱུ་འཕྲུལ་དྲ་བའི་རོལ་རྩེད་ནི། །དག་པའི་བློ་མཚོར་ཅི་ཡང་ཤར། །བདེན་བཞི་སྟོན་པ་ལྷ་ཡི་རྔ་བོ་ཆེ། །དབྱུག་གུས་མ་བསྣུན་དལ་གྱིས་སྒྲ་དབྱངས་འབྱིན། །དེ་བཞིན་ཡིག་དྲུག་གསང་སྔགས་དར་དིར་གྱི། །རང་སྒྲ་མཁའ་ལ་གྲག་པ་རྟག་ཏུ་གསན། །སྤྱན་རས་གཟིགས་དབང་ཐུགས་རྗེའི་འོད་སྟོང་ཚོགས། །གཅིག་ཏུ་བསྡུས་པའི་ཉིན་བྱེད་དབང་པོ་ཁྱོད། །གངས་ཅན་གདུལ་བྱའི་མཁའ་དབྱིངས་ཤར་བའི་མོད། །སྐལ་ལྡན་འགྲོ་བའི་སྙིང་མུན་མ་ལུས་བསལ། །འོག་མིན་དག་པའི་ཞིང་ན་རྡོ་རྗེ་འཆང༌། །ས་འཛིན་དཀར་པོའི་སྤོ་ལ་ཡབ་སྲས་གསུམ། །དབྱེར་མེད་གོས་དཀར་ལྕང་ལོའི་བ་དན་ནི། །རིག་སྔགས་འཆང་བ་ཡོངས་ཀྱི་ཅོད་པན་ལ། །འོས་པར་བཀོད་པའི་དགེ་མཚན་ཞལ་བཟང་ནི། །དྲི་མེད་སྟོན་གྱི་ཟླ་ཤེལ་ལྟ་བུར་གཟིགས། །བུ་ཁྱོད་སྙན་བརྒྱུད་རྒྱ་མཚོའི་མངའ་བདག་ཏུ། །འོང་བས་ལེགས་ཞེས་བརྩེ་བས་འདོམས་པ་བཞིན། །དེ་ལ་དབུགས་འབྱིན་རིག་བྱེད་དགའ་མ་དེའང༌། །དངོས་གྲུབ་མཚན་མ་སྟེར་བའི་འཛུམ་ཞལ་ནི། །སྙིང་གི་པདྨོ་གཡོ་བའི་ནགས་ཀླུང་ལྟར། །ཡིད་ཀྱི་བརྟན་པ་འཕྲོག་པའི་ལང་ཚོར་སྤྲུལ། །དེ་ལྟར་རྡོ་རྗེ་འཆང་ཆེན་པོའི་གསང་བ་ཐམས་ཅད་ཀྱི་བང་མཛོད་ལ་དབང་སྒྱུར་བའི་བདག་ཉིད་ཆེན་པོར་བཞུགས་པ་དང༌། རིགས་སྔགས་ཀྱི་བཟླས་བརྗོད་ཀྱི་ནུས་པ་མཐར་ཕྱིན་པའི་མཐུས། དམ་ཅན་རྒྱ་མཚོའི་ཚོགས་རྣམས་ཀྱིས་ཀྱང་མངོན་སུམ་དུ་ཞལ་བསྟན་ནས་འཕྲིན་ལས་ཐམས་ཅད་འབད་མེད་དུ་བསྒྲུབ་པ་ཡིན་ཏེ། དེ་དག་གི་ཚུལ་ནི་སྐུ་ན་ཕྲ་མོའི་དུས་དཔལ་མགོན་གྱི་སྔགས་རིང་