R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༡༩༨
[A:༡༩༨]ཅིག་བཞུགས་པའི་ཚེ། སྐུ་ཆས་རྣམས་སྐུ་མདུན་དུ་བྱུང་ཚད་ལ་ཐར་ཐོར་དུ་གནང་བས། ལན་ཅིག་སྐུ་ཆས་ཟད། དེར་རྗེ་ཉིད་ཀྱི་ཉེ་གནས་ལ་ཀུ་རུ་ཀུལླེ་ལ་གཏོར་མ་ཞིག་འཆོས་གསུངས་པས། སང་གི་ཚ་བ་ཞེས་མི་ལྡང་ཙམ་ལས་མེད་ཞུས་པས། གང་འདུག་ལ་འཆོས་གསུང་དེ་བཞིན་བཅོས་ནས་གསོལ་བ་བཏབ་པས། དེ་ནུབ་མནལ་ལམ་དུ་བུད་མེད་སྨུག་མོ་མཛེས་ཤིང་བརྗིད་ཆགས་པ་ཞིག་བྱུང་ནས་ཁྱེད་ལ་ཚེ་མཇུག་ལ་ལོངས་སྤྱོད་ཤིན་ཏུ་ཆེ་བ་ཡོང༌། སང་ཉིན་ཆས་ཀ་འཕྲིན་ལས་ཀྱིས་འོང་བ་ཡོད་ཟེར། ནམ་ལངས་པ་དང་ཉེ་གནས་ལ་དེ་བཞིན་གསུངས་པས། དེ་ཀ་འོང་ཐང་ཟེར་མི་དད་པའི་རྣམ་པ་བྱུང༌། ཚ་བ་ཐོན་པ་ཙམ་ནས་རྗེ་ཀརྨ་འཕྲིན་ལས་པས་སྐུ་ཆས་དྲེའུའི་རྒྱབ་འགའ་འབུམ་དུ་བཏང་བྱུང་བས། ཉེ་གནས་དེའང་མི་ཕྱེད་པའི་དད་པ་ཐོབ་ཅིང༌། རྗེས་སུ་ཀུ་རུ་ཀུལླེའི་གཏོར་མ་བཅོས་པ་དྲག་ཁོ་ན་ཟེར་བ་ཞིག་བྱུང་བར་གདའ། ལོངས་སྤྱོད་འཁོར་ལོའི་ཆུ་མཚོར་ཨཾ་ཡིག་གི །ནོར་འཛིན་རླུང་སེམས་ལག་འགྲོས་བསྲུབ་པ་ལས། །ངོ་མཚར་དགེ་མཚན་བདུད་རྩི་འཕྱུར་བའི་རླབས། །མན་ད་ར་བའི་ལྦུ་འཕྲེང་རྒོད་པ་བཞིན། །ཨཽཌྜི་ཡ་ནའི་འབྱུང་པོའི་ཡུམ། །གང་གི་ཐ་གྲུར་ཞབས་སེན་གྱི། །འོད་ཆགས་ནོར་འཛིན་དབང་པོ་དེ། །རང་གི་རྣམ་སྤྲུལ་དམ་པ་ལ། །གསང་ཆེན་བདག་པོར་དབང་བསྐུར་སླད། །ཌཱ་ཀིའི་ལག་སོར་པདྨའི་རྩེར། །ཟག་མེད་སྦྲང་རྩིའི་མཆོད་ཡོན་གྱིས། །ཁྱོད་ཐུགས་བུང་བ་མྱོས་པར་བྱས། །གྲུ་འཛིན་རི་བོའི་ངོས་ཡངས་ལ། །མཐའ་དག་རྒྱལ་བའི་ཐུགས་རྗེའི་འོད། །བསོད་ནམས་ཟོང་གིས་ཐོབ་པ་བཞིན། །པད་དཀར་འཛིན་པ་ལྷ་མོར་བཅས། །