R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༡༩༧
[A:༡༩༧] ནམ་མཁའི་དབྱིངས་སུ་འཇའ་གུར་གྱི་ནང་ན་སྤྱན་རས་གཟིགས་གཙོ་འཁོར་གསུམ་པ་སྐུ་ཁྲུ་གང་ཙམ་ཡོད་པ་ཞིག་ཞལ་གཟིགས། དུས་རྒྱུན་པར་ཆེད་དུ་བསྟད་ནས་གསན་པ་ན་བར་སྣང་དུ་ཡི་གེ་དྲུག་པའི་སྒྲ་མི་བཅུ་ཙམ་གྱིས་བཏོན་པའི་སྒྲ་ཙམ་ལྷང་ངེ་བ་རྒྱུན་དུ་བྱུང་གསུང༌། དེ་ལྟར་འཕགས་པ་ཉིད་ཀྱིས་མངོན་སུམ་དུ་རྗེས་སུ་བཟུང་བར་སྣང་བས་འདི་ལས་ཐུགས་རྗེ་མྱུར་བའི་ཡི་དམ་ཡེ་མེད་དོ་གསུང་ཞིང༌། སློབ་མ་དག་ལའང་སྤྱན་རས་གཟིགས་ཀྱི་ཆོས་སྐོར་རྣམས་ཅིས་ཀྱང་ཉོན་གསུང་བརྡ་བསྟོད་མཛད་ཅིང༌། སྐྱེ་བོའི་ཚོགས་ཇི་སྙེད་པ་ལ་ཐུགས་རྗེ་ཆེན་པོའི་རིག་གཏད། སྨྱུང་གནས། ཡིག་དྲུག་གི་ལུང་འཆག་མེད་དམ་བཅའ་སོགས་ལྷུག་པར་གནང་ཞིང༌། ཞུས་པ་ལའང་དགྱེས་ཚོར་གྱི་རྣམ་པ་མཛད་པ་ཡིན་ནོ། །དབུས་ཕྱོགས་སུ་བཞུགས་པའི་དུས་ཤིག་མནལ་ལམ་དུ། ཐང་ཆེན་པོ་ཞིག་གི་དཀྱིལ་རི་སྦོ་ངོ་ཧ་ཅང་མི་ཆེ་བ་ཞིག་གི་འགྲམ་དུ་རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་ད་ལྟ་བྲིས་པའི་རྣམ་པ་ཇི་ལྟ་བ་ཡོད་པ་ཞིག་དང་མཇལ་ཕྱག་ཕུལ་བྱིན་རླབས་ཞུས་པས། རྗེ་ས་ཆེན་ཀྱང་ཕེབས་ཀྱིན་ཡོད་གསུང༌། དེར་ཡར་བྱོན་པས་རྗེ་བཙུན་ས་སྐྱ་པ་ཆེན་པོའང་རྣམ་པ་ཇི་ལྟ་བ་དང་མཇལ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ་རི་དེའི་རྩེ་ན་བཞུགས་པས་མཇལ་དགོས་སྙམ་པ་ཞིག་གི་ངང་དུ་མནལ་སད་གསུང༌། འདི་ལྟ་བུ་ནི་དུས་ཕྱིས་རྗེ་བཙུན་ས་སྐྱ་པའི་ཐུན་མོང་མ་ཡིན་པའི་སྙན་བརྒྱུད་རྒྱ་མཚོ་ལ་མངའ་དབང་འབྱོར་ནས་སྐལ་ལྡན་མང་པོ་རྗེས་སུ་འཛིན་པའི་མཚན་ལྟས་ཤིན་ཏུ་གསལ་བར་སྣང་ངོ༌། །སྐུ་ཆོས་མཛད་འཕྲལ་གྲ་སྐོར་རི་ཁྲོད་ཞིག་ཏུ་ཁམས་པ་ཉེ་གནས་ཞིག་དང་ལྷན་