R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༡༩༦
[A:༡༩༦]ཡིན་ཟེར་བའི་ཨ་ཙ་རའི་རྣམ་པ་མང་པོ་འདུག་པ་ལ། ང་གྲུབ་ཐོབ་ཡིན་པས་འདི་རྣམས་ལ་ནམ་མཁའ་ནས་རྡོ་ཆར་ཕབ་སྟེ་ཚར་བཅད་དགོས་དགོངས་པ་དང༌། སླར་འོན་ཀྱང་ཐེག་ཆེན་གྱི་གང་ཟག་ཡིན་པས་སེམས་ཅན་ལ་གནོད་འཚེ་མི་རུང་སྙམ་ནས་བཞག་གསུང༌། དེ་ནས་མནལ་སད་པ་དང་ཨྱོན་དུ་སློབ་དཔོན་པདྨ་དང་མཇལ་བ་དེ་བརྗེད་འདུག་སྙམ་པའི་སེམས་འཐེང་བ་ཞིག་བྱུང་གསུང༌། ཡང་ལན་ཅིག་མནལ་ལམ་དུ་ལྷོ་ཕྱོགས་པོ་ཊ་ལ་ཡིན་ཟེར་བའི་རི་ཆེན་པོ་ཞིག་གི་རྩེར་འཕགས་པ་སྤྱན་རས་གཟིགས་ཡིན་སྙམ་པའི་ཁྱེའུ་དཀར་པོ་ཞིག་དང་མཇལ། མྱུར་དུ་འཚང་རྒྱ་བ་དང་བྱམས་སྙིང་རྗེ་རྒྱུད་ལ་སྐྱེ་བ་སོགས་སྨོན་ལམ་མང་པོ་བཏབ། རི་དེའི་རྩ་བ་ན་ནགས་འཐུག་པོའི་གསེབ་རྡོའི་ཁང་ཆུང་ཞིག་གི་ནང་ན་རྗེ་བཙུན་སྒྲོལ་མ་ཐ་མལ་གྱི་བུད་མེད་རྒན་མོའི་རྣམ་པ་ཅན་གཅིག་དང་མཇལ། དེར་ཡང་ཕྱག་མཆོད་སྨོན་ལམ་མང་དུ་མཛད། ཡང་དུས་ཕྱིས་ཀུན་མཁྱེན་གོ་བོ་རབ་འབྱམས་པ་ལ་སྤྱན་རས་གཟིགས་སྐྱེར་སྒང་ལུགས་ཀྱི་རྗེས་གནང་གསན་དུས། རྗེ་དེའི་གསུང་ནས་འདི་ཆོས་རྗེ་སེམས་དཔའ་ཆེན་པོ་ཡན་ཆད་ཞལ་གཟིགས་ཀྱི་བརྒྱུད་པ་བར་མ་ཆད་པ་བྱུང་འདུག །ངས་ནི་ཞལ་མ་མཐོང་ཆོས་རྗེ་གཞན་དང་མི་འདྲ་བས་གཟིགས་ཉེན་ཡོད་གསུང་བ་བྱུང༌། དེ་རྗེས་ཚ་མོ་རོང་དུ་ཐུགས་དམ་ལ་བཞུགས་པའི་སྐབས་ཤིག་ཏུ་མདུན་གྱི་རིའི་སྟེང་དུ་སྐྱ་ཀྲེང་བ་འཇའ་དཀར་ཤར་བ་ལྟ་བུ་ཞིག་བྱུང༌། དེ་ལ་ཆེད་དུ་གཟིགས་པས་རེ་ཞིག་ན་འཕགས་པ་སྤྱན་རས་གཟིགས་ཁ་སརྤ་ཎི་མདུང་གང་ཙམ་པ་ཞིག་གཟིགས། མཐར་འཇའ་ཡལ་བ་ལྟར་ནམ་མཁར་ཐིམ་སོང་གསུང༌། དེ་ནས་རྡོ་རིང་དུ་ཕེབས་ནས་ཁང་སྟེང་ཞིག་ཏུ་བཞུགས་པའི་ཚེ།