R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༡༩༤
[A:༡༩༤]རིང་དུ་འབྱམས་པའི་སྣང་བ་བྱུང་འདུག་ཅིང༌། རྗེ་འདིའི་སྐུ་ཉམས་ཀྱི་ཐོག་མའང་རྒྱལ་ཚབ་དམ་པ་ལ་ཀྱེ་རྡོ་རྗེའི་དབང་བསྐུར་བ་ཞུ་བའི་ཚེ་སྐྱེས་པ་ཡིན་གསུང༌། ཐུགས་ཤིན་ཏུ་དད་པར་མཛད། དེ་ནས་དགུང་ལོ་ཉི་ཤུ་ཙམ་བཞེས་པའི་དུས་བསམ་འགྲུབ་རྩེར་ཡེ་ཤེས་ཀྱི་མཁའ་འགྲོའི་མཚན་དང་ལྡན་པའི་རིག་མ་ཞིག་དང་ལྷན་ཅིག་བཞུགས་པའི་རྐྱེན་གྱིས་ཕྱི་རོལ་གྱི་སྣང་བ་འདི་ཐམས་ཅད་ལ་བདེན་འཛིན་ཧྲུལ་པོར་ཞིག་ནས་རང་ཁ་བའི་སྣང་བ་འདི་ཡེ་མེད་པར་དུ་བའམ། མིག་རྒྱུའི་ཕུང་པོ་ལྟ་བུར་གྱུར་ཅིང༌། དེ་ཁའི་ངང་དུ་བཞག་པ་ན་མཐར། ཇེ་དངས་ཇེ་གསལ་ནམ་མཁའ་གཡའ་དག་པ་ལྟ་བུའི་བརྗོད་མེད་ཀྱི་བདེ་བ་དང་བཅས་པའི་ངང་དུ་གནས་པས་ཕེབས་གཞུད་དང་གསོལ་བཞེས་པ་གསུང་འབྱིན་པ་སོགས་ཀྱང་དྲན་འཛིན་དྲག་པོས་བཟུང་ཀྱང་ཡང་ཡང་དེ་ཀའི་ངང་དུ་ཐིམ་འགྲོ་བའི་ཐུགས་ཉམས་ཟླ་བ་གཅིག་ཙམ་གྱི་བར་དུ་བྱུང་འདུག །འདི་ལྟ་བུ་ནི་རྒྱུད་སྡེའི་དོན་ཤེས་པའི་མཁས་པ་གཟུ་བོར་གནས་པ་དག་གིས་བལྟས་ན་ཤིན་ཏུ་ངོ་མཚར་བའི་རྣམ་ཐར་དུ་སྣང་ངོ༌། །གཟུང་འཛིན་འཁྲུལ་པའི་སྤྲིན་ཐག་ཆོད་པ་ན། །ཡོངས་འཛིན་ཉི་མའི་བཀྲ་ཤིས་མཚམས་སྦྱོར་གྱིས། །བདེ་སྟོང་འདབ་བརྒྱའི་སྤུ་ལོང་བཞད་པའི་རྩེར། །དངོས་གྲུབ་བདུད་རྩིའི་ཟིལ་མངར་འཛིན་པར་གྱུར། །ཧེ་རུ་ཀ་དཔལ་རྣལ་འབྱོར་དབང་པོ་ཁྱོད། གང་དུ་བཞུགས་པ་རྡོ་རྗེའི་ཕོ་བྲང་སྟེ། སྲས་བཅས་རྒྱལ་བ་བསྐྱེད་དང་རོལ་པའི་ཡུམ། །མ་ལུས་མཁའ་འགྲོའི་གཙོ་མོ་རྣལ་འབྱོར་མའང༌། །སྨིན་ལེགས་དགའ་མའི་ཟོལ་གྱིས་མངོན་སུམ་དུ། །འཛུམ་དཀར་གཡོ་བའི་ཆུ་སྐྱེས་ཟློས་