R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༡༩༣
[A:༡༩༣]བྱུང་ངོ་མཚར་གཏམ། །གཏམ་འདི་རབ་ཐོས་ཐོས་པས་སྤུ་ལོང་གཡོས། །དེ་ལྟར་བདག་ཉིད་ཆེན་པོ་འདིས་རྟོགས་པའི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཐུགས་རྒྱུད་ལ་འཁྲུངས་པའི་ཚུལ་ཆེ་ལོང་ཙམ་བརྗོད་ན། དང་པོ་སྨྲ་མཁྱེན་ཙམ་ནས་སྔོན་གྱི་གནས་གསལ་བར་མཁྱེན་ཅིང་སྲུང་མ་རྣམས་ཀྱི་སྐུའི་རྣམ་འགྱུར་ཅི་རིགས་པར་གཟིགས་པ་དང༌། དགུང་ལོ་བཅོ་ལྔ་ཙམ་བཞེས་པའི་ཚེ་ཕྱི་རོལ་གྱི་སྣང་བ་འདི་ཐམས་ཅད་ན་བུན་ལྟ་བུར་གཟིགས་ཤིང༌། གདོད་མའི་མགོན་པོ་རང་རིག་རང་གསལ་འདི་ཁོ་ནར་འདུག་སྙམ་པའི་ཐག་ཆོད་ཐུགས་རྒྱུད་ལ་རང་ཤར་དུ་འཁྲུངས། དེ་ལྟ་བུ་ཆོས་རྗེ་བསོད་ནམས་དབང་ཕྱུག་པ་ལ་ཞུས་པས་བར་ཆོད་ཡིན་ཉེན་ཡོད་སྐུ་མཚམས་ཤིག་མཛད་པ་དྲག་གསུང༌། དེ་བཞིན་རྒྱལ་ཚབ་དམ་པ་ཀུན་དགའ་དབང་ཕྱུག་པ་ལ་ཞུས་པས། སློབ་དཔོན་པ་ལ་རྒྱུ་མཚན་ཅི་ཡོད། ཐུགས་དམ་ཁྱད་པར་ཅན་ཐུགས་རྒྱུད་ལ་འཁྲུངས་འདུག །ནང་པ་གཞན་དང་མི་འདྲ་བ་ཅིག་འདུག་པས་དེ་ཙམ་འོང་ཐང་གསུང་དགྱེས་ཚོར་ཆེན་པོ་མཛད། དེ་དང་ཉེ་བའི་དུས་ཞིག་གི་ཚེ་མནལ་ལམ་དུ་ངོར་བླ་བྲང་དུ་ཕེབས་པས་རྒྱལ་ཚབ་དམ་པ་དང་མཇལ་དེའི་གསུང་ནས། ས་དང་ཆུ་གཉིས་མ་འདྲེས་པ། །ཆུ་དང་ས་གཉིས་མ་འདྲེས་པ། །འདྲེས་པའི་སྐྱོན་གྱིས་མ་གོས་པས། །དེང་འདིར་ཁྱོད་ལ་བདེ་ལེགས་ཤོག །ཅེས་པའི་བརྡའི་ཚིགས་བཅད་དང་བཅས་པའི་མེ་ཏོག་གི་ཆར་འབེབས་པའི་ངང་ནས་སྔར་གྱི་ཐུགས་ཉམས་དེ་གསལ་བཏབ་པའི་ཚུལ་གྱིས་ཇེ་གསལ་དུ་གྱུར་ནས་རྒྱལ་ཚབ་དམ་པ་དང་དབྱེར་མེད་དུ་འདྲེས་པ་ལྟ་བུའི་འོད་གསལ་བདེ་བ་ཆེན་པོའི་ངང་དུ་ཡུན་