R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༡༩༢
[A:༡༩༢]མང་དུ་མཛད། མདོར་ན་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རྣམ་རོལ་ལས་བྱུང་བའི་རྣལ་འབྱོར་རྣམ་པ་བཅུ་གཉིས་ཉིན་མཚན་ཁོར་ཡུག་ཏུ་དུས་འདའ་བས་ཐ་མལ་པའི་མཚན་རྟོག་གི་སྤྲོས་པའི་སྐབས་ཅུང་ཟད་ཀྱང་མི་རྙེད་པ་ཡིན་ནོ། །ནགས་ཚལ་ཁང་བུ་ཉམས་དགའི་བསྟི་གནས་ན། །རི་ཡི་ཆུ་ནི་རྫ་རྔའི་སྒྲ་ལྡན་ཞིང༌། །བུང་བ་སྦྲང་རྩིས་མྱོས་པའི་གླིང་བུ་བསྒྱུར། །ནགས་ཀྱི་བྱིའུ་སྐྱོ་བའི་གླུ་དབྱངས་འཚེར། །མི་མེད་དབེན་པའི་རི་སུལ་ཟབ་མོ་དེར། །ཟླ་མེད་རི་དྭགས་དམན་མ་ཇི་བཞིན་དུ། །བླ་མེད་བླ་མའི་སྙན་བརྒྱུད་བསྒོམ་པའི་མཐུས། །སྤྲོས་མེད་བདེ་ཆེན་ཡེ་ཤེས་ཁྱོད་ཀྱིས་བརྙེས། །ཀུན་རྟོག་སྦྱང་གཞིའི་སྣང་བརྙན་ཇི་སྙེད་པ། །རང་རིག་སྐད་ཅིག་འཆར་སྒོར་ཐག་ཆོད་ནས། །དེ་ཉིད་རིམ་གཉིས་ཟབ་མོའི་ཏིང་འཛིན་དུ། །བསྒྱུར་ནས་དག་པའི་སྣང་བས་རྒྱས་བཏབ་སྟེ། ལམ་བྱེད་རྣམ་བཞིའི་གནད་དུ་བསྣུན་པའི་ཚུལ། །གཞི་ལམ་འབྲས་གསུམ་དབྱེར་མེད་དོན་སྨྲ་བའི། །གསང་ཆེན་ཟབ་མོའི་བཅུད་ཀྱི་སྙིང་པོ་འདི། །ཁྱོད་ཉིད་ཁོ་ནས་བདག་གིར་མཛད་པ་སྙམ། །དེ་ལྟར་རྡོ་རྗེ་འཆང་གི་ཐུགས་ཀྱི་བཅུད། །ལོག་རྟོག་དྲི་མས་དབེན་པ་ངེས་པའི་དོན། །རྟག་པར་ཉིན་མཚན་ཁོར་ཡུག་ཉམས་བླངས་ན། །ཚེ་འདིར་ཟུང་འཇུག་འགྲུབ་ལས་འོས་ཅི་ཡོད། །སྙན་བརྒྱུད་སྒོ་བརྒྱ་ཕྱེ་བའི་འཆི་མེད་གྲོང༌། །སྣང་སྟོང་ཡེ་ཤེས་སྒྱུ་མའི་གུར་ཁང་ན། །བདེ་ཆེན་དབང་བཞིའི་བདུད་རྩིར་རྟག་རོལ་པའི། །གསང་ཆེན་འཁོར་ལོའི་དབང་ཕྱུག་ཨེ་མ་མཚར། །ཀུན་ཁྱབ་ཁྱབ་བདག་དང་པོའི་སངས་རྒྱས་ཁྱོད། །ཁྱོད་ཉིད་མ་ལུས་ལུས་ཅན་ཀུན་གྱི་སྐྱབས། །སྐྱབས་མཆོག་མཆོག་གི་རྨད་