R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༡༩༡
[A:༡༩༡]འདས་ཀྱི་ངང་དུ་ཡུན་རིང་པོའི་བར་དུ་མཉམ་པར་འཇོག །དེ་བཞིན་དུ་དཔལ་ཀྱེའི་རྡོ་རྗེའི་ཕྱི་ནང་གི་བསྐྱེད་རིམ་ཟབ་གསལ་གཉིས་སུ་མེད་པའི་ངང་ནས་ལམ་དུས་ཀྱི་དབང་བཞི་སྦྱང་གཞི་སྦྱོང་བྱེད་ངོ་སྤྲོད་པའི་གསལ་སྣང་མ་སྐྱེས་ཀྱི་བར་བཞེས་པའི་མཐར། རྫོགས་རིམ་རླུང་གཏུམ་མོ་ཡེ་ཤེས་ཀྱི་ཕྱག་རྒྱའི་རྣལ་འབྱོར། ཟུང་འཇུག་ཕྱག་རྒྱ་ཆེན་པོ་རྣམས་ལ་རྒྱུན་ཤིན་ཏུ་རིང་བའི་བར་དུ་མཉམ་པར་འཇོག་ཅིང༌། ཡིག་བརྒྱ། ཨུཥྞཱི་ཥ། ཨཥྟ་ལ་སོགས་པའི་རིག་སྔགས་ཀྱི་བཟླས་བརྗོད་རྣམ་གྲངས་མང་དུ་མཛད། སྲོད་ཐོ་རངས་ཀྱི་ཐུན་ལ་ལམ་དུས་ཀྱི་དབང་རྒྱས་པ། སྔ་དགོངས་ཀྱི་ཐུན་ལ་ཐུགས་སྐབས་དང་བསྟུན་ནས་རེ་འགའ་འབྲིང་པོའང་མཛད་དོ། །རྣལ་འབྱོར་དབང་ཕྱུག་གི་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྒོམ་བཟླས་སྲུང་བ་དང་བཅས་པ་ཤིན་ཏུ་རྒྱས་པ། བདེ་མཆོག་དྲིལ་བུ་པ་དང༌། ནཱ་རོ་མཁའ་སྤྱོད་ཀྱི་སྒོམ་བཟླས་རྣམས་ཐུན་རེའི་ནང་དུ་མཛད། ནག་པོ་ཆེན་པོའི་སྲུང་འཁོར་བྲག་རྫོང་མ་ནང་སྒྲུབ་གསང་སྒྲུབ་དང་བཅས་པའི་སྒོམ་བཟླས། རླུང་སྦྱོར་ཞིང་སྐྱོང་ཆེན་པོའི་ཚེ་སྒྲུབ་རྣམས་ཐུན་གཉིས་རེ། ཡི་དམ་ཆོས་སྐྱོང་རྣམས་ཀྱི་གཏོར་བསྔོས་བསྐང་གསོ་དང་བཅས་པ་ཐུན་དྲུག །ཐོ་རངས་ཀྱི་ཐུན་འགོ་ལ་སྲོག་རྩོལ་རྡོ་རྗེའི་བཟླས་པའི་རླུང་སྦྱོར་སྟོང་ཕྲག་རེ་བུམ་པ་ཅན་ཤིན་ཏུ་མང་བ། ཚེ་སྒྲུབ་ཐུན་མོང་མ་ཡིན་པའི་རླུང་སྦྱོར་ཅི་མང༌། ཚེ་དཔག་མེད་དང་སྒྲོལ་དཀར་སོགས་ཡི་དམ་ཐོར་བུ་མང་པོའི་སྒོམ་བཟླས། དཀར་གཏོར་ཆ་བཞི། ཛམ་སེར་ནག་དམར་གསུམ་གྱི་ཆུ་སྦྱིན། བརྒྱ་རྩ། དབྱུག་གུ་དྲུག་ཅུ་རྩ་བཞི། ཆ་གསུམ་སོགས་ཆག་མེད་ཀྱི་རིམ་པ་