R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༡༩༠
[A:༡༩༠]ཟབ་མོ་རྣམས་ལ་རྩེ་གཅིག་ཏུ་ཉམས་བཞེས་བརྩོན་པར་མཛད་པའི་མཐུས་སོ་སོའི་གཞུང་ལུགས་ནས་བཤད་པའི་ཉམས་རྟོགས་རྣམས་ཇི་ལྟ་བ་བཞིན་ཐུགས་རྒྱུད་ལ་འཁྲུངས་པར་གྱུར་ཅིང༌། ལྷག་པར་སྔ་མོ་ནས་ཐུགས་ཀྱི་འདུན་པ་ལ་ལྷོ་བོད་ཀྱི་མཚམས་སོགས་མི་མེད་ལུང་སྟོང་ཞིག་ཏུ་སྐུ་ཚེ་ཧྲིལ་པོ་སྒྲུབ་པ་ལ་སྒྲིལ་བའི་ཐུགས་མདུན་དྲག་པོ་ཡོད་འདུག །རྗེས་སུ་དེ་ནི་ཅུང་མ་གྲུབ་ནའང༌། ཚ་མོ་རོང་བྱང་ཆུབ་རྫོང༌། གནམ་ཁའུའི་བྲག་རྫོང༌། བྱ་འགྱུར་རྡོ་རྗེའི་བྲག་སོགས་གཙང་དབུས་ཀྱི་རི་ཁྲོད་མང་པོར་རྒྱུན་རིང་པོའི་བར་དུ་སྒྲུབ་པ་ལྷུར་ལེན་པར་མཛད་ཅིང༌། དུས་རྒྱུན་དུའང་གསུང་ངག་རིན་པོ་ཆེ་སོགས་གསུང་ཆོས་རྣམ་གྲངས་མང་བ་གནང་བའི་སྐབས་ལྟ་བུ་དམིགས་བསལ་རེ་རེ་ཙམ་མ་གཏོགས་ཉི་མ་ཕྱེད་ཡན་ཐུགས་དམ་ཁོ་ན་ལ་བཞུགས་པར་མཛད་ཅིང་མཚན་མོའང་སྲོད་ལ་ཅུང་ཟད་ཙམ་མནལ་ནས་དེ་འཕྲལ་ལུས་གནད་དང་བཅས་ཏེ་ཐུགས་དམ་འབའ་ཞིག་གི་ངང་དུ་བཞུགས། རྒྱུན་གྱི་ཉམས་བཞེས་ཀྱང་ཕལ་ཆེར་སྤྲོས་མེད་ཁོ་ནའི་ངང་དུ་མཉམ་པར་འཇོག་པ་ཡིན་ལ། ཕྱི་རོལ་གྱི་སྣང་བ་དང་སྒོ་བསྟུན་ནས་སྤྲོས་བཅས་ཀྱི་རིམ་པའང་ཉིན་ཞག་རེའི་ནང་དུ་ཐུན་བཞིའི་ངེས་པས། དཔལ་ལྡན་ས་སྐྱ་པའི་ཟབ་དོན་ཐམས་ཅད་ཀྱི་བཅུད་ཕྱུང་བའི་ལམ་ཟབ་མོ་བླ་མའི་རྣལ་འབྱོར་ཕྱི་ནང་སྦྲགས་མ། བདག་ཆེན་རྡོ་རྗེ་འཆང་ཆེན་པོ་གཙོ་བོར་བཞུགས་པའི་ཡོངས་འཛིན་དམ་པ་བདུན་ཅུ་རྩ་གཉིས་མཚན་ནས་བརྗོད་དེ་གསལ་གཏབ་པའི་སྒོ་ནས་གསོལ་བ་འདེབས་པ། ཞེན་པ་སྤང་པ། དབང་བཞི་ལེན་པ་རྣམས་ཐུགས་ཡུལ་དུ་ཆེས་ཆེར་གསལ་བའི་ངེས་ཤེས་མ་སྐྱེས་ཀྱི་བར་དུ་བསྒོམ་པར་མཛད་ཅིང༌། མཐར་ལྟ་བ་བློ་