R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༡༨༩
[A:༡༨༩]ལྷུར་ལེན་པ། །སྐལ་ངན་དེ་དག་སྐལ་བརྒྱར་དམྱལ་བའི་རྒྱུ། །ཨེ་མ་ཡབ་རྗེ་རྡོ་རྗེ་འཆང་དབང་གཙོ། །སྣ་ཚོགས་སྤྲུལ་པའི་ཟློས་གར་སྒྱུར་བ་ལ། །བདག་ལྟའི་ཚིག་གིས་བརྗོད་པར་ཅི་ཞིག་ནུས། །དེ་བས་རང་སེམས་བླ་མའི་རང་ཞལ་ལྟོས། །དེ་དག་ལ་འདི་སྐད་ཅེས་བྱ་སྟེ། བདུན་ཅུ་རྩ་གཉིས་དམ་པའི་ཡོངས་འཛིན་བསྟེན། །རྒྱུད་སྡེ་རྒྱ་མཚོའི་ཚིག་དོན་ཐུགས་སུ་ཚུད། །གངས་ཅན་མཁས་པ་ཀུན་གྱི་རྩེ་མོར་སོན། །དང་པོར་རྒྱ་ཆེན་ཐོས་བསམ་མཛད་ཚུལ་ལགས། །ཞེས་སོ། །དེ་ལྟར་ཐོས་བསམ་གྱི་སྒྲོ་འདོགས་བཅད་པའི་དོན་རྣམས་རྩེ་གཅིག་ཏུ་ཉམས་སུ་བཞེས་པས་ཐུགས་རྒྱུད་ལ་ལུང་རྟོགས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་འཁྲུངས་ཏེ། སྐལ་ལྡན་གྱི་འགྲོ་བ་རྗེས་སུ་བཟུང་ཞིང་བསྟན་པ་དང་སེམས་ཅན་གྱི་དོན་རྒྱ་ཆེན་པོ་མཛད་ཚུལ་ནི། སྤྱིར་རྒྱལ་བའི་གསུང་རབ་རབ་འབྱམས་ཐམས་ཅད་དང༌། ཁྱད་པར་རྒྱུད་སྡེ་རིན་པོ་ཆེ་དྲི་མ་མེད་པའི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་བྱུང་ཚུལ། དེ་དག་གི་དགོངས་པ་འཕགས་ཡུལ་དུ་འགྲེལ་བྱེད་ཚད་ལྡན་མི་འདྲ་བ་དུ་མས་བཀྲལ་ཚུལ། གངས་ཅན་གྱི་ལྗོངས་སུ་འགྱུར་ཚུལ། རྗེ་བཙུན་ས་སྐྱ་པ་ཡབ་སྲས་སོགས་བོད་ཀྱི་མཁས་གྲུབ་དག་གི་བཞེད་སྲོལ་སོ་སོ་མ་འདྲེས་ལ་ཡོངས་སུ་རྫོགས་པ། ཕྱོགས་རེ་ཙམ་མ་ཡིན་པར་ལམ་གྱི་ལུས་ཡོངས་སུ་རྫོགས་པའི་གནད་ཐམས་ཅད་ལུང་རིགས་ཀྱི་ལམ་ནས་ལེགས་པར་དྲངས་ཤིང་སྙན་བརྒྱུད་ཀྱི་གདམས་པས་བརྒྱན་ནས་ཐུགས་སུ་ཆུད་ཅིང༌། དེ་དག་གི་སྙིང་པོའི་བཅུད་ཕྱུང་བའི་སྤྲོས་བཅས་དང་སྤྲོས་མེད་ཀྱི་ཉམས་ལེན་གྱི་རིམ་པ་