R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༡༨༨
[A:༡༨༨]འགྱུར་རོ། །ཟུང་གིས་ལྷག་པའི་ཡོངས་འཛིན་བཅུ་ཕྲག་བདུན། །ལྷག་པར་བཀའ་དྲིན་ཆེ་བའི་བླ་མ་གསུམ། །གཅིག་པུ་འགྲན་ཟླ་བྲལ་བའི་ས་སྐྱ་པ། །མཉེས་པ་གསུམ་གྱི་སྒོ་ནས་བསྟེན་པའི་མཐུས། །འཕགས་ཡུལ་མ་དྲོས་ཆུ་གཏེར་ལས་འོངས་པའི། །རྒྱུད་སྡེ་རྣམ་བཞིའི་ཆུ་ཀླུང་བྱེ་བ་བརྒྱ། །སྙན་བརྒྱུད་བདུད་རྩིའི་གཟེགས་མ་འཐོར་བཞིན་དུ། །ཁྱོད་ཐུགས་རྒྱ་མཚོའི་ལྗོངས་སུ་དལ་གྱིས་ཞུགས། །དེ་ལྟར་རྒྱ་ཆེན་ཐོས་པའི་ཆུ་གཏེར་ཆེར། །རྣམ་དཔྱོད་གཟིངས་ཆེན་རོལ་པའི་ཁ་ལོ་པ། །རང་གཞན་གྲུབ་མཐའ་རྒྱ་མཚོའི་ཕ་རོལ་ཏུ། །སོན་པའི་དེད་དཔོན་སྔོན་མེད་འདི་ཡ་མཚན། །རྒྱལ་སྲས་རྒྱལ་བའི་ཆོས་འཚོལ་རྟག་ཏུ་ངུ༌། །ནོར་བཟང་ནོར་གྱི་སྙིང་པོ་ཆོས་བསྒྲུབ་ལྟར། །མཁས་ཁྱོད་མཁས་པའི་བཤེས་གཉེན་མང་བསྟེན་ནས། །ཟབ་ལམ་ཟབ་མོའི་བདུད་རྩིའི་གཏེར་དུ་གྱུར། །རབ་ཡངས་རྣམ་དཔྱོད་པདྨའི་སྐྱེད་ཚལ་དུ། །ཡོངས་འཛིན་ཉིན་བྱེད་དབང་པོ་འཛུམ་དཀར་ལམ། །ཟབ་རྒྱས་གདམས་པའི་འོད་ཕྲེང་ཆེར་སྤྲོས་པས། །ལུང་རྟོགས་སྦྲང་རྩིའི་རྒྱལ་མཚན་བཞད་པར་གྱུར། །བློ་ཆུང་ཕྱོགས་རེའི་ཁྲོན་པས་སེམས་ཁེངས་པའི། །ང་རྒྱལ་མངོན་རློམ་རུས་པའི་གོས་ཅན་དག །ཐོས་པ་རྒྱ་མཚོའི་ཕ་མཐའ་འདི་མཐོང་ཚེ། །སྙིང་ལ་བཟོད་མེད་ཟུག་རྔུ་མ་བྱིན་ནམ། །དངོས་གྲུབ་བདེ་བླག་འབྱུང་བ་ཟབ་མོའི་ལམ། །སྙན་བརྒྱུད་བདུད་རྩིའི་བཅུད་ཆེན་འདི་མྱངས་ཚེ། །ཐུན་མོང་ཙམ་གྱིས་རང་མགོ་བསྐོར་བ་དག །ཡུན་རིང་མྱ་ངམ་ཐང་ལ་མ་འཁྱམས་སམ། །མཁས་མིན་མཁས་པས་ཁྲེལ་ན་བླུན་པོ་འགའ། །མཁས་མཆོག་འདི་ཉིད་མཁས་པ་མིན་ནོ་ཞེས། །ཕྲག་དོག་ཚིག་གི་ཕྲ་མ་