R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༡༨༩
[A:༡༨༩]ཁྱུང་པོ་རྣལ་འབྱོར་དུ་གྲགས་པས་བོད་ཡུལ་དུ་སྤྱན་དྲངས་པའི་ཤངས་པ་བཀའ་བརྒྱུད་ཀྱི་ཆོས་སྐོར། ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཉིད་ནས་བརྒྱུད་པའི་ལྷ་བཞི་ཆོས་གསུམ་ཐིག་ལེ་བཅུ་དྲུག་སོགས་བཀའ་གདམས་ལུགས་ཀྱི་ཆོས་སྐོར། གྲུབ་ཆེན་དམ་པ་རྒྱ་གར་ནས་བརྒྱུད་པའི་ཞི་བྱེད་ཀྱི་ཆོས་སྐོར། བོད་ཡུལ་གྱི་རང་བྱུང་གི་མཁའ་འགྲོ་མ་མ་གཅིག་ལབས་ཀྱི་སྒྲོན་མའི་ཆོས་སྐོར། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཐུགས་བཅུད་གསང་སྔགས་སྔ་འགྱུར་གྱི་བཀའ་གཏེར་གྱི་ཆོས་མང་པོ་སོགས། མདོར་ན་འཕགས་ཡུལ་ནས་འགྱུར་རོ་ཅོག །བོད་ཡུལ་ན་གྲགས་པའི་རྡོ་རྗེ་ཐེག་པའི་ཆོས་ཚུལ་ཕལ་མོ་ཆེ་གསན་པར་མཛད་ཅིང༌། དེ་དག་ཀྱང་གསན་པ་ཙམ་དུ་མ་ཟད་དཔྱིས་ཕྱིན་པར་ཚིག་དོན་གྱི་སྒྲོ་འདོགས་མཐའ་དག་ཆོད་པར་མཛད་པས། རྡོ་རྗེ་ཐེག་པའི་ཟབ་ལམ་ཇི་སྙེད་པའི་མངའ་བདག་ཆེན་པོར་བཞུགས་པ་ཡིན་ཅིང༌། ལྷག་པར་དཔལ་ལྡན་ས་སྐྱ་པའི་སྙན་བརྒྱུད་ཀྱི་གདམས་པ་ཟབ་མོ་རྣམས་ཡོངས་སུ་རྫོགས་པར་བཞུགས་པ་ནི་དུས་འདིར་རྗེ་འདི་བས་ལྷག་པར་ལྟ་ཞོག་མཉམ་པ་ཙམ་ཡང་སའི་སྟེང་ན་མེད་པར་ཐག་ཆོད་ཅིང་ངེས་པའི་ཤེས་པ་གཏིང་ནས་སྐྱེས་པས། སློབ་མ་ཡང་སློབ་བརྒྱུད་འཛིན་དང་བཅས་པ་ཐམས་ཅད་སྐལ་བ་བཟང་བར་ཤེས་པར་བྱོས་ཤིག །དེ་དག་ཀྱང་འདིར་ཡི་གེ་མང་བས་འཇིགས་པས་ཞིབ་པར་མ་བྲིས། དོན་དུ་གཉེར་བའི་དཔྱོད་ལྡན་དག་གིས་རྗེ་བླ་མའི་གསན་ཡིག་ཐོར་བུ་དུམ་བུ་མང་པོར་གནས་པ་དང༌། ཞབས་འབྲིང་རིང་དུ་བསྟེན་པའི་ཞལ་སློབ་དག་གི་གསུང་ལས་ཉན་པས་ངོ་མཚར་གྱི་སྣང་བ་ཆེས་ཆེར་སྐྱེ་བར་