R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༡༨༦
[A:༡༨༦]པ། མཐུ་སྟོབས་ཀྱི་དབང་ཕྱུག་མཁའ་རེག་བོན་དྲུག་པ་རྣམས་དང༌། རྒྱ་བོད་ཐམས་ཅད་དུ་ཡོངས་སུ་གྲགས་ཤིང་ཡི་གེ་དྲུག་པའི་འཕྲིན་ལས་ཀྱི་རྒྱུན་གྱིས་འཁོར་བ་མཐའ་ཅན་དུ་མཛད་པའི་གྲུབ་ཆེན་ཐང་སྟོང་རྒྱལ་པོར་གྲགས་པ། གྲུབ་ཐོབ་ཆེན་པོ་གཟི་ཀུན་སྤངས་པ། རྡོ་རྗེ་ཕག་མོའི་རྣམ་སྤྲུལ་རྗེ་བཙུན་མཚན་ལྡན་མ་ལ་སོགས་པ། མདོར་ན་ཡོངས་འཛིན་དམ་པ་བདུན་ཅུ་རྩ་གཉིས་བསྟེན་ཅིང་མཉེས་པ་གསུམ་གྱི་སྒོ་ནས་མཉེས་པར་མཛད་དེ། གཙོ་བོར་དཔལ་ལྡན་ས་སྐྱ་པ་ཡབ་སྲས་ལས་བརྒྱུད་པའི་རྣལ་འབྱོར་དབང་ཕྱུག་བིརྺ་པའི་བཤད་སྲོལ་གྱིས་གཙོ་བྱས་པའི་དཔལ་ཀྱེ་རྡོ་རྗེའི་ཆོས་སྐོར་མཐའ་དག །འཁོར་ལོ་བདེ་མཆོག་གི་ཆོས་སྐོར་ཇི་སྙེད་པ། མར་འགོས་རྣམ་པ་གཉིས་སོགས་ནས་བརྒྱུད་པའི་གསང་བ་འདུས་པ་འཕགས་ལུགས་ཀྱི་ཆོས་སྐོར་གཉན་ལོ་སོགས་ནས་བརྒྱུད་པའི་ཡེ་ཤེས་ཞབས་ལུགས་ཀྱི་ཆོས་སྐོར། རྭ་སྐྱོ་ཞང་སོགས་ནས་བརྒྱུད་པའི་གཤིན་རྗེ་གཤེད་ནག་པོའི་ཆོས་སྐོར། དཔྱལ་ལོ་ཆག་ལོ་གློ་བོ་ལོ་ཙཱ་བ་སོགས་ནས་བརྒྱུད་པའི་གཤིན་རྗེ་གཤེད་དམར་པོའི་ཆོས་སྐོར། ཤཾ་བྷ་ལའི་བཤད་སྲོལ་དཔལ་དུས་ཀྱི་འཁོར་ལོའི་ཆོས་སྐོར་སོགས། མདོར་ན་རྒྱུད་སྡེ་བཞི་དང་འབྲེལ་བའི་དབང་བྱིན་རླབས། རྒྱུད་ལུང་མན་ངག །ཕྱག་ལེན་གྱི་མཐའ་རྟེན་པའི་རྣམ་གྲངས་ཤིན་ཏུ་མང་བ་བསམ་པའི་ར་བ་ལས་འདས་པ་ཞིག་ནོད་པར་མཛད། ཡང་གྲུབ་ཆེན་ནཱ་རོ་དང༌། མཻ་ཏྲིའི་ཐུགས་བཅུད་རྗེ་མར་པས་བོད་ཡུལ་དུ་སྤྱན་དྲངས་པའི་དྭགས་པོ་བཀའ་བརྒྱུད་དུ་གྲགས་པའི་ཆོས་སྐོར། ཡེ་ཤེས་མཁའ་འགྲོ་མ་ནི་གུ་མ་དང༌། སུ་ཀ་མ་སིདྡྷིའི་གདམས་པ་སོགས་མཁས་གྲུབ་ཆེན་པོ་ཤངས་པ་དུ་གུ་པ་