R86: དཔལ་ལྡན་བླ་མ་དམ་པ་ཀུན་སྤངས་ཆོས་ཀྱི་རྒྱལ་པོའི་རྣམ་པར་ཐར་པ་ངོ་མཚར་དད་པའི་སྤུ་ལོང་གཡོ་བ།

  • Pagination (Witness A): ༡༨༡
[A:༡༨༡]བརྒལ། །དེ་ལྟར་བདག་མེད་མཁའ་འགྲོའི་ཐུགས་ཀྱི་བཅུད། །ཁྱོད་བློ་རྒྱ་མཚོའི་འཇིང་དུ་ཐིམས་པ་ན། །རྣལ་འབྱོར་དབང་ཕྱུག་སཽ་རཥྟ་རུ། །ལྷན་སྐྱེས་བདེ་བའི་ཟོལ་གྱིས་མཉམ་པར་བཞག །དེ་ལ་ཕྲག་དོག་དེང་དུས་མཁས་རློམ་བརྒྱ། །གསུང་ངག་འཆད་པའི་ཟོལ་གྱི་མཐོན་པོའི་ཁྲིར། །འཛེགས་ནས་རང་གི་དེ་ཉིད་ཕྱོགས་བརྒྱར་སྟོན། །དཔྱོད་ལྡན་མཁས་པའི་བཞད་གད་འདི་ངོ་མཚར། །དེ་ནས་བཅོམ་ལྡན་འདས་ཀྱི་ཉན་ཐོས་ཤཱ་རིའི་བུ་ཉིད། རྒྱ་བོད་དུ་མཁས་གྲུབ་དུ་མའི་ཚུལ་བཟུང་བའི་མཐར། དུས་འདིར་དགའ་ལྡན་གྱི་གནས་ནས་བྱང་ཕྱོགས་ཁ་བ་ཅན་གྱི་ལྗོངས་སུ་རྡོ་རྗེ་ཐེག་པའི་བསྟན་པ་རིན་པོ་ཆེ་སྤེལ་བ་ལ་བསམ་བཞིན་དུ་སྐུ་སྐྱེ་བ་བཞེས་པའི་མཁས་གྲུབ་ཆེན་པོ་ཆོས་ཀྱི་རྗེ་རིན་ཆེན་མཁྱེན་རབ་མཆོག་གྲུབ་དཔལ་བཟང་པོའི་དྲུང་དུ། ཕ་རྒྱུད་ཀྱི་གཙོ་བོ་དཔལ་གསང་བ་འདུས་པ་མི་བསྐྱོད་རྡོ་རྗེ་འཕགས་ལུགས་ཀྱི་དབང༌། རིམ་ལྔ་དམར་འཁྲིད། ནག་འཁྲིད། དེ་དག་དང་འབྲེལ་བའི་རྒྱ་བོད་ཀྱི་ཡི་གེ་རབ་ཏུ་མང་པོའི་ལུང༌། བཤད་པ། གཤིན་རྗེ་གཤེད་དམར་པོ་ལྷ་ལྔ་དང༌། བཅུ་གསུམ་མའི་ཆོས་སྐོར་དུ་མ། ཕྱག་ན་རྡོ་རྗེ་འཁོར་ལོ་ཆེན་པོའི་ཆོས་སྐོར། མ་རྒྱུད་འཁོར་ལོ་བདེ་མཆོག་ནག་པོ་པའི་སྐོར། མ་ཧཱ་མཱ་ཡ། ཀྱེ་རྡོ་རྗེ་མཚོ་སྐྱེས་ལུགས། མཻ་ཏྲི་དང༌། ནཱ་རོ་མཁའ་སྤྱོད་མའི་སྐོར། ཕག་མོའི་གཞུང་དྲུག་གི་སྐོར་ལ་སོགས་དུ་མ། གཉིས་སུ་མེད་པ་དཔལ་དུས་ཀྱི་འཁོར་ལོའི་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་པའི་འཁྲིད། བུ་སྟོན་རིན་པོ་ཆེ་ནས་བརྒྱུད་པའི་ཡི་གེའི་ལུང་སོགས་ཆ་ཚང༌། ཚེ་དཔག་མེད་འཆི་མེད་རྔ་སྒྲའི་དབང༌། གྲུབ་རྒྱལ་ལུགས་ཀྱི་